
ཁྱིམ་བདག་ཁ་ཤས་ལ་བྱིས་པས་དུས་རྒྱུན་ཁ་པར་ལྟ་བའི་དུས་ཡུན་རིང་མིན་སྐོར་གྱི་སྐད་ཆ་འདྲི་སྐབས། ཁོ་ཚོས་བྱིས་པ་ཁ་པར་སོགས་ལ་ལྟ་རྒྱུར་དགའ་པོ་ཡོད་ཚུལ་གླེང་བར་མ་ཟད། ད་དུང་ཁ་པར་གྱི་དབྱིངས་ཞུགས་ཏེ་སྐད་ག་ཚོད་བཏང་ཡང་ཁ་ཡ་བྱེད་ཀྱི་མི་འདུག་ཅེས་ཤོད་ཀྱི་ཡོད། དོན་དངོས་ཐོག་བྱིས་པས་ཡུན་རིང་པོར་ཁ་པར་ལ་བལྟས་ན་སྐད་ཆ་ཤོད་ཁག་པོར་གྱུར་བ་ཁོ་ན་མིན་པར། ཁ་པར་ལ་བལྟས་དྲགས་པའི་དབང་གིས་བྱིས་པའི་བསམ་གཞིག་གི་ནུས་པ་སོགས་གོང་དུ་འཕེལ་བར་སྐྱོན་ཆེན་པོ་བཟོ་བཞིན་ཡོད། གཤམ་དུ་ཁ་པར་སོགས་གློག་རྡུལ་ཐོན་རྫས་ལ་བལྟས་དྲགས་པའི་སྐྱོན་ཆ་སྐོར་ཞིག་ངོ་སྤྲོད་བྱ་རྒྱུ་ཡིན་པས། ཁྱིམ་བདག་ཚོས་དོ་སྣང་བྱེད་རོགས།
ཁ་པར་སོགས་གློག་རྡུལ་ཐོན་རྫས་ཀྱིས་བྱིས་པར་གནོད་པ་གང་དག་ཡོད་དམ།
བྱིས་པ་ནི་རུས་པ་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་དུས་ཡིན་པ་དང་། བྱིས་པ་མང་པོས་ཁ་པར་ལ་ལྟ་སྐབས་མགོ་བོ་སྒུར་ནས་བལྟ་བ་དང་། ཉལ་ཁྲིའི་སྟེང་དུ་ཉལ་ནས་བལྟ་བ། ཡང་ན་ལུས་པོ་ཀྱོག་ནས་བལྟ་བ་སོགས་བྱེད་ཀྱི་ཡོད། སྡོད་སྟངས་དེ་དག་གིས་བྱིས་པའི་མཇིང་པ་དང་ཕྲག་པ། སྒལ་ཚིགས་སོགས་འཚར་ལོངས་འབྱུང་བར་གནོད་འཚེ་ཆེན་པོ་བཟོ་སྲིད།
བྱིས་པའི་མིག་ཤེད་དབང་པོའི་སྙོམ་སྒྲིག་ནུས་པ་ཧ་ཅང་ཞན་པས། ཐག་ཉེ་ས་ནས་ཁ་པར་སོགས་ལ་དུས་ཡུན་རིང་པོར་བལྟས་ཚེ། བྱིས་པའི་མིག་གི་སྐྱི་མོར་གནོད་འཚེ་བཟོ་བཞིན་ཡོད། བྱིས་པའི་རང་གཅུན་གྱི་ནུས་པ་ཞན་པས། བྱིས་པར་ཁ་པར་སྤྲད་ན་ཁོ་ཚོའི་གཉིད་དང་ཟ་མ་ཟ་བ་སོགས་ཀྱི་དུས་ཚོད་འཕྲོག་གི་ཡོད་ལ། དེའི་རྐྱེན་གྱིས་འཚོ་བའི་གོམས་གཤིས་ལ་རིམ་བཞིན་འགྱུར་ལྡོག་གཏོང་བཞིན་ཡོད།
ཡུན་རིང་པོར་ཁ་པར་ལ་མགོ་འཁོར་ན། ཕ་མ་དང་བུ་ཕྲུག་བར་དང་ན་མཉམ་གྱི་བྱིས་པ་དང་འབྲེལ་འདྲིས་བྱ་རྒྱུ་ཇེ་ཉུང་དུ་ཕྱིན་ནས། གཞན་དང་ཁ་བརྡ་བྱེད་མི་འདོད་པའམ་མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་ནུས་པ་རིམ་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད་པར་མ་ཟད། ཁ་པར་གྱིས་བསྐྲུན་པའི་རྟོག་བཟོའི་འཇིག་རྟེན་ལ་ཡུན་རིང་པོར་མགོ་འཁོར་བས། བྱིས་པའི་སེམས་ཁམས་འཚར་ལོངས་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས། ཁྱིམ་བདག་ཚོས་རང་གི་བྱིས་པའི་བདེ་ཐང་གི་ཆེད་དུ་དོ་སྣང་ཆེན་པོ་བྱེད་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།