
གཅིག སྐྱི་ལྤགས་ལ་ཟ་འཕྲུག་ལངས་པ།
དུས་ཡུན་ཐུང་ངུའི་ནང་ཁྲག་མངར་ཇེ་མཐོར་སོང་ན་ལུས་པོའི་ཕྲ་ཕུང་གི་བྱེད་ནུས་མར་ཆག་པ་དང་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ནས། གཅིན་ལམ་གྱི་འགོས་ནད་དང་མངལ་ལམ་གཉན་ཚད་སོགས་འབྱུང་སླ་ལ། རྐང་ལག་གི་མཛུབ་མོ་དང་རྐང་མཐིལ་སོགས་སུ་འབུ་རྒྱུག་པའམ་གློག་རྒྱུ་བ་ལྟ་བུའི་ཟ་འཕྲུག་དང་སྦྲིད་ཚོར་འབྱུང་སྲིད། འདི་དག་ནི་གཅིན་སྙི་ཟ་ཁུས་བསྐྱེད་པའི་ཕྱི་མཐའི་དབང་རྩའི་ནད་སྣ་ཚོགས་ཀྱི་མངོན་ཚུལ་ཡིན་པས་གཟབ་དགོས།
གཉིས། མཐོང་ནུས་ཇེ་ཞན་དུ་འགྲོ་བ།
ཁྲག་མངར་མཐོ་དྲགས་ན་མིག་གི་མཐོང་བྱེད་དྲ་སྐྱིའི་ཁྲག་རྩ་ཕྲ་མོ་བརྡོལ་བ་དང་ཁྲག་བཞུར་བ་སོགས་ཀྱི་གནོད་སྐྱོན་བཟོ་སྲིད་པ་དང་། དེའི་ཚབ་ཏུ་མཐོང་བྱེད་དྲ་སྐྱིས་རང་འགུལ་ངང་རྒྱུན་ལྡན་མ་ཡིན་པའི་ཁྲག་རྩ་གསར་པ་བསྐྱེད་པ་ཡིན། ཁྲག་རྩ་གསར་པ་དེ་དག་ནི་དེ་བས་ཀྱང་བརྡོལ་སླ་བས། གཅིན་སྙི་ཟ་ཁུའི་ནད་པའི་མཐོང་ནུས་ཇེ་ཞན་དུ་གྱུར་ཏེ། ཚབས་ཆེ་ན་མིག་ལོང་བའི་སྣང་ཚུལ་ཡང་འབྱུང་སྲིད། མིག་སྔར་གཅིན་སྙི་ཟ་ཁུར་རྐྱེན་བྱས་པའི་མཐོང་བྱེད་དྲ་སྐྱིའི་མིག་ནད་ནི་རང་རྒྱལ་གྱི་ལོ50ཡན་གྱི་མིའི་མིག་ལོང་ནད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
གསུམ། སེམས་འཚབ་པ་དང་མགོ་ཡུ་འཁོར་བ།
གཅིན་སྙི་ཟ་ཁུའི་ནད་བྱུང་བའི་སྔ་དུས་སུ་ལུས་ནང་གི་གཤེར་མའི་ཕུང་རྩི་དུས་ལྟར་ཟགས་ཐོན་བྱེད་མ་ཐུབ་པར་ཁྲག་མངར་དམའ་བའི་སྣང་ཚུལ་འབྱུང་སྲིད་དེ། ནད་རྟགས་ལ་སེམས་འཚབ་པ་དང་ལག་པ་འདར་བ། མགོ་ཡུ་འཁོར་བ། རྔུལ་ཆུ་བཞུར་བ་སོགས་ཡོད། དེ་དུས་ལམ་སང་མངར་ཆ་ཁ་གསབ་བྱས་ན་ནད་རྟགས་ཇེ་ཡང་ལ་འགྲོ་ངེས། ནད་བྱུང་ནས་ཡུན་རིང་འགོར་བའི་གཅིན་སྙི་ཟ་ཁུའི་ནད་པར་མཚོན་ན། ཁྲག་ནང་གི་མངར་ཆས་ནམ་རྒྱུན་ཁྲག་རྩར་གནོད་སྐྱོན་བཟོ་བཞིན་ཡོད་པ་དང་གནོད་སྐྱོན་དེ་ཡང་ཁྲག་གི་འཁོར་རྒྱུག་དང་བསྟུན་ནས་བསྐྱར་ཟློས་བྱེད་པས། ལུས་ཧྲིལ་པོའི་ཁྲག་རྩ་ཇེ་དོག་ཏུ་འགྲོ་བ་དང་འགག་པ་སོགས་བྱུང་སྟེ་སྙིང་རྩ་རེངས་པ་དང་གཟའ་ཕོག་པ། ཀླད་ཁྲག་བརྡོལ་བ་སོགས་འབྱུང་སྲིད་ལ། ནད་འདི་དག་གི་སྔ་དུས་ནད་རྟགས་ནི་སེམས་འཚབ་པ་དང་མགོ་ཡུ་འཁོར་བ། ཞེན་ཁ་ལོག་པ་སོགས་ཡིན།
བཞི། ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ།
“རྒྱ་གྲངས”མར་ལྷུང་བ་ནི་གཅིན་སྙི་ཟ་ཁུའི་དཔེ་མཚོན་གྱི་ནད་རྟགས་ཤིག་ཡིན། དེ་ནི་ནད་པའི་ལུས་ནང་གི་ཁྲག་མངར་མཐོ་དྲགས་པ་དང་གཅིན་མང་དྲགས་པས། ཆུ་ཕྱིར་ཕུད་རྗེས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ་རེད། རྒྱུ་མཚན་ནི་གཅིན་སྙི་ཟ་ཁུའི་ནད་པའི་གཤེར་མའི་ཕུང་རྩིའི་བྱེད་ནུས་ལེགས་པོ་མེད་པས། རྒུན་འབྲུམ་མངར་ཆ་དབྱེ་འབྱེད་ལེགས་པོ་བྱེད་མ་ཐུབ་པར། ལུས་ནང་གི་སྣུམ་ཚིལ་དང་སྤྲི་དཀར་རྒྱུ་རྐྱང་རྐྱང་ཕྱིར་ཕུད་པས། ལུས་པོའི་ལྗིད་ཚད་དེ་མ་ཐག་ཇེ་ཡང་དུ་འགྲོ་བ་རེད།
ལྔ། ངོ་གདོང་སྐྲངས་པ།
རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ། མཁལ་མས་ཚགས་རྒྱག་པའི་ནུས་པ་བཏོན་ནས་ལུས་ནང་གི་གནོད་ཅན་དངོས་པོ་རྣམས་ཕྱིར་ཕུད་དེ་སྤྲི་དཀར་རྒྱུ་སྲུང་ཉར་བྱེད་པ་རེད། ཡིན་ནའང་མཁལ་མའི་ཁྲག་རྩ་ནད་ཅན་དུ་གྱུར་རྗེས་མཁལ་མའི་ཚགས་མིག་ཇེ་ཆེར་གྱུར་ཏེ་ལུས་ནང་གི་སྤྲི་དཀར་མང་པོ་ཟགས་འགྲོ། དེའི་མཇུག་འབྲས་ནི་གཅིན་པའི་ནང་གི་སྤྲི་དཀར་ཇེ་མང་དུ་འགྲོ་བ་དང་ལུས་ནང་གི་སྤྲི་དཀར་ཇེ་ཉུང་དུ་འགྲོ་བ་དེ་ཡིན་ལ། དེའི་རྐྱེན་གྱིས་ཁྲག་རྩའི་ནང་དུ་ཉར་ཐབས་མེད་པའི་ཆུ་དག་ཤ་སྐྱིའི་འོག་ལ་འཚངས་ཏེ་ཁ་ངོ་སོགས་སྐྲངས་པའི་སྣང་ཚུལ་འབྱུང་བ་དང་། ཞོགས་པར་མལ་ལས་ལངས་དུས་དེ་བས་ཀྱང་མངོན་གསལ་ཡིན།
དྲུག ཁྲག་མངར་དམའ་དྲགས་པའི་ནད་རྒྱུན་དུ་འབྱུང་བ།
ཁྲག་མངར་མཐོ་དྲགས་པ་དང་བསྡུར་ན་ཁྲག་མངར་དམའ་དྲགས་པ་ལ་དེ་བས་ཀྱང་ཉེན་ཁ་ཆེ་སྟེ། ནད་པར་དུས་ཡུན་ཐུང་ངུའི་ནང་དུ་འདུ་ཤེས་ཉམས་པ་དང་དྲན་པ་འཐོར་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་པས། ངེས་པར་ཁྲག་མངར་དམའ་དྲགས་པའི་རྒྱུ་རྐྱེན་ཤེས་དགོས། གལ་ཏེ་ཆོས་ཉིད་ལྟར་སྨན་འཐུང་རྗེས་ཁྲག་ཤེད་དམའ་དྲགས་པ་ཡིན་ན། ངེས་པར་སྨན་པར་བཤད་དེ་སྨན་གྱི་རིགས་དང་སྨན་འཐུང་ཚད་སྙོམ་སྒྲིག་བྱེད་དགོས།
བདུན། དབུགས་ཕྱིར་གཏོང་སྐབས་ཀུ་ཤུ་རུལ་བ་ལྟ་བུའི་དྲི་བྲོ་བ།
སྣུམ་ཚིལ་དབྱེ་འབྱེད་བྱས་ཏེ་ནུས་ཚད་མཁོ་སྤྲོད་བྱེད་པའི་གོ་རིམ་ཁྲོད་ལུས་ནང་དུ་ཐོང་གཟུགས་མང་པོ་བསོག་པ་དང་། དེས་གཅིན་སྙི་ཟ་ཁུའི་ནད་པར་ཞེན་ཁ་ལོག་པ་དང་སྐྱུག་པ། གསུས་པ་ན་བ། མགོ་ཡུ་འཁོར་བ། འདུ་ཤེས་ཉམས་པ་སོགས་ཀྱི་ནད་རྟགས་བསྐྱེད་པར་མ་ཟད། ཕྱིར་བཏང་བའི་དབུགས་ལ་ཀུ་ཤུ་རུལ་བ་ལྟ་བུའི་དྲི་ངན་བྲོ་བ་ཡིན། དེ་ནི་གཅིན་སྙི་ཟ་ཁུའི་ནད་པའི་རྒྱུན་མཐོང་གི་དོས་དྲག་ཞོར་ནད་དེ་གཅིན་སྙི་ཟ་ཁུའི་ཐོང་བསགས་ནད་རྟགས་ཞེས་པ་ཡིན་ལ། རྒྱུན་དུ་གཤེར་མའི་བྱེད་ནུས་ཞན་པའིⅠརིགས་ཀྱི་གཅིན་སྙི་ཟ་ཁུའི་ནད་པ་དང་། ཚབས་ཆེ་བའིⅡརིགས་ཀྱི་གཅིན་སྙི་ཟ་ཁུའི་ནད་པར་འབྱུང་བ་མང་།
མདོར་ན། གཅིན་སྙི་ཟ་ཁུ་ནི་ལུས་པོ་ཡོངས་ཀྱི་ནད་ཅིག་ཡིན་པས། མ་ལག་དང་ལྡན་པའི་སྨན་བཅོས་དང་དུས་ལྟར་བསྐྱར་བརྟག་བྱེད་པ། ནུས་ལྡན་ངང་ནད་བབ་ཚོད་འཛིན་བྱེད་པ་བཅས་བྱས་ན་ད་གཟོད་ཞོར་ནད་སྣ་ཚོགས་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ། དེ་བས་གཅིན་སྙི་ཟ་ཁུའི་ནད་པ་རྣམས་ཀྱིས་རང་ཉིད་ཀྱི་ཁྲག་མངར་རྒྱུན་ལྡན་གྱི་ཁྱབ་ཁོངས་ཁྲོད་གཏན་འཇགས་ཡོང་བར་བྱེད་པ་དང་། ལུས་སྟེང་གི་འགྱུར་ལྡོག་ཕྲ་མོ་ཙམ་ལ་ཡང་དོ་སྣང་བྱས་ཏེ་དུས་ལྟར་བརྟག་དཔྱད་བྱེད་པ། ནད་གཞི་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་སྨན་བཅོས་བྱ་རྒྱུ་བཅས་ཧ་ཅང་གལ་ཆེ་བ་ཡིན།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།