ཆང་འཐུང་རྗེས་ཉལ་སྟངས་འདི་གསུམ་ལ་གཟབ་དགོས།
2025.09.18 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 5

དང་པོ།  གན་རྐྱལ་དུ་ཉལ་བ།

ཆང་གིས་བཟི་རྗེས་ཁ་གནམ་ལ་འཁོར་ནས་ཉལ་ན་ཕོ་ཁའི་ནང་གི་ཟས་དང་སྙིགས་རོ་སོགས་ཕྱིར་སྐྱུག་སྲིད་ལ། བཟི་རྗེས་ཟས་མིད་པའི་ནུས་པ་དེ་ཆང་བཅུད་ཀྱི་བྱེད་ནུས་འོག་རྟུལ་བར་གྱུར་ཟིན་པས། སྐྱུག་རོས་དབུགས་ལམ་བགགས་ནས་དབུགས་ལེན་དཀའ་བར་འགྱུར་སྲིད་དེ། འདི་ནི་ང་ཚོས་རྒྱུན་དུ་བཤད་པའི་དབུགས་ལམ་རྫས་ཀྱིས་བཅད་པ་ཞེས་པ་དེ་ཡིན།

གཉིས་པ། ཁ་སྦུབ་ཏུ་ཉལ་བ།

ན་གཞོན་མང་པོ་ཞིག་གིས་ཆང་འཐུང་རྗེས་སྔས་མགོའི་སྟེང་ཁ་སྦུབ་ཏུ་ལོག་ནས་གཉིད་འགྲོ་ལ། དེ་ལྟར་བྱས་ན་འཇམ་ཞིང་མཉེན་པའི་སྔས་མགོ་ཡིས་ཁ་སྣ་བཅད་ནས་དབུགས་ལམ་འགོག་སླ། གཞན་ང་ཚོས་དབུགས་ལེན་པར་གསུས་ཁོག་དང་བྲང་ཁོག་གིས་ཀྱང་བྱེད་ནུས་འདོན་བཞིན་ཡོད་པས། ཁ་སྦུབ་ཏུ་ཉལ་ན་ད་དུང་བྲང་དང་གློ་བའི་འགུལ་སྐྱོད་བར་སྟོང་ཇེ་ཆུང་དུ་གྱུར་ནས་དབུགས་ལམ་ལ་འགོག་རྐྱེན་བཟོས་ཏེ་དབྱང་རླུང་གིས་མི་འདང་བ་འབྱུང་སྲིད། གལ་ཏེ་ཆང་གིས་རབ་ཏུ་བཟི་སྟེ་དྲན་པ་འཐོར་ཡོད་ན་དབུགས་ཆད་པ་སོགས་སྲོག་གི་ཉེན་ཁའང་ཡོད། 
གསུམ་པ། ཙོག་ནས་གཉིད་པ།

མི་མང་པོ་ཞིག་གིས་ཆང་འཐུང་བའི་བར་གླགས་སུ་ཙོག་ནས་གཉིད་འགྲོ། ཙོག་ནས་གཉིད་སྐབས་མགོ་ཐུར་དུ་དཔྱངས་ན་དབུགས་ལམ་ལ་འགོག་རྐྱེན་བཟོ་བར་མ་ཟད་ཁྲག་གི་ཤོང་ཚད་མི་འདང་བར་འགྱུར་ལ། རྐང་པ་ཐུར་དུ་དཔྱངས་ན་ལངས་གཟུགས་རང་བཞིན་གྱི་ཁྲག་ཤེད་དམའ་བའི་གནས་ཚུལ་བྱུང་ནས་ཉེན་ཁ་ཚབས་ཆེན་བཟོ་ཡང་སྲིད།

བཞི་པ། “ཟུར་དུ་ལོག་ནས་ཉལ་བའི་འདུ་ཤེས”བསྲུང་དགོས།

ཆང་འཐུང་རྗེས་ཀྱི་ཡང་དག་པའི་གཉིད་སྟངས་ནི་ཟུར་དུ་ལོག་ནས་ཉལ་བ་ཡིན་ཏེ། འདི་ལྟར་བྱས་ན་ཕོ་ཁའི་ནང་གི་ཟ་མ་སོགས་ཕྱིར་སྐྱུགས་རུང་། ལྗིད་ཤུགས་ལ་རྐྱེན་བྱས་ཏེ་ཕྱིར་ཕོ་བའི་ནང་མི་རྒྱུགས་པར་དལ་བུར་ཁ་ནང་ནས་བཞུར་འགྲོ་བས། གློ་སྦུག་འགོག་མི་སྲིད་ལ་དབུགས་ཀྱང་རྒྱུན་ལྡན་ངང་ལེན་ཐུབ། མཉམ་འཇོག་བྱ་དགོས་པ་ཞིག་ལ་མི་རྣམས་ཀྱིས་ཆང་འཐུང་ནས་གཉིད་སྐབས་འགྲེ་ལོག་རྒྱག་རྒྱུར་དགའ་བས། ཁྱིམ་མིས་ཁོའི་རྒྱབ་ཏུ་སྔས་མགོ་སོགས་སྐྱོར་མ་བཞག་སྟེ་ཟུར་དུ་ལོག་པའི་ཉལ་སྟངས་རྒྱུན་འཁྱོངས་བྱེད་དུ་འཇུག་འོས། 


                                                                                                 རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།