
1. གཉིད་ཡག་པོ་མེད་མཁན།
འཚིག་ཇའི་ནང་དུ་ཁོ་ཧྥེ་རྒྱུ་ཅུང་མང་ཙམ་ཡོད་པས། ཉོབ་སངས་བའི་ནུས་པ་ངེས་ཅན་ཞིག་ལྡན། ཁོ་ཧྥེ་རྒྱུ་དང་ལུས་ཕུང་གི་ནུས་འདོན་དངོས་རྫས་ལིན་སྐྱུར་གསུམ་གཤེར་རྨེན་ཀམ(ATP)ཡི་བརྗེ་ཚབ་དངོས་རྫས་གཤེར་རྨེན་ཀམ་གྱི་གྲུབ་ཚུལ་འདྲ་མཚུངས་ཡིན་པས། ངལ་དུབ་དང་གཉིད་ཀྱི་བརྡ་རྟགས་ལེན་གཟུགས་ལ་ཤུགས་རྐྱེན་བྱས་ཏེ། གཉིད་སངས་པ་དང་ངལ་དུབ་སེལ་བའི་སྐྱེ་དངོས་ཀྱི་གྲུང་གཤིས་འདོན་སྤེལ་བྱེད་ཐུབ།
དེའི་རྐྱེན་གྱིས་ལས་ཀ་ལས་མཁན་མང་པོ་ཞིག་གིས་ནམ་རྒྱུན་འཚིག་ཇ་ལ་བརྟེན་ནས་ཉོབ་བསང་ནས་ལས་ཀ་ཧུར་ཐག་བྱེད་ཀྱིན་ཡོད།
ཡིན་ནའང་། མི་ཚོགས་མི་འདྲ་བར་དེའི་ཁོ་ཧྥེ་རྒྱུ་བཟོད་ཚད་ལའང་ཁྱད་པར་ཡོད་པས། མ་གཞི་ནས་གཉིད་མི་བཟང་བ་དང་། གཉིད་མི་ཁུག་པ། གཉིད་ཉལ་བར་གེགས་ཡོད་པའི་མི་ཚོགས་ཀྱིས་འཚིག་ཇ་ཉུང་ཙམ་འཐུང་བའམ་མ་འཐུང་ན་བཟང་།
2. སྙིང་འགྲོས་རྒྱུན་ལྡན་མིན་པའི་མི་ཚོགས།
འཚིག་ཇ་འཐུང་རྗེས་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་། སྔར་བཞིན་མཐོང་ཆེན་བྱ་དགོས། ལྷག་པར་སྙིང་འགྲོས་རྒྱུན་ལྡན་མིན་པའི་མི་ཚོགས་ཀྱིས་སྔར་བས་མཐོང་ཆེན་བྱ་དགོས།
སྙིང་འགྲོས་རྒྱུན་ལྡན་མ་བྱུང་བ་ནི་གཙོ་བོ་སྙིང་གི་གློག་བརྒྱུད་འདྲེན་རྒྱུན་ལྡན་མ་ཡིན་པ་ལས་བྱུང་བའི་སྙིང་ལྡིང་ཚད་ངེས་མེད་དང་མགྱོགས་དྲགས་པའམ་ཡང་ན་དལ་དྲགས་པས་ཡིན། 80%ལས་བརྒལ་བའི་ཨ་རིའི་སྨན་པས་སྙིང་གཡུག་པའམ་ཡང་ན་སྙིང་འགྲོས་རྒྱུན་ལྡན་མ་ཡིན་པའི་ནད་པས་ཁོ་ཧྥེ་རྒྱུ་བསྡུ་ལེན་མི་བྱེད་པའམ་ཡང་ན་བསྡུ་ཚད་ཉུང་དུ་གཏང་དགོས་པའི་བསམ་འཆར་བཏོན།
3. ཕོ་བའི་ནད་ཡོད་པའི་མི་ཚོགས།
འཚིག་ཇ་ཡིས་ཕོ་རྒྱུ་སྐུལ་ནས་ཕོ་སྐྱུར་གྱི་ཟགས་ཐོན་ཇེ་མང་དུ་འགྲོ་རུ་འཇུག་སྲིད།
དེ་ནི་ཕོ་བའི་ནུས་པ་རྒྱུན་ལྡན་ཡིན་པའི་མིའི་ངོས་ནས་བཤད་ན། བདེ་ཐང་ལ་ཤུགས་རྐྱེན་ཐེབས་མི་སྲིད། འོན་ཀྱང་། རང་ཉིད་ལ་ཕོ་བའི་ནད་ཡོད་པ་དཔེར་ན། ཕོ་ནད་སྨུག་པོ་དང་ཕོ་བའི་སྐྱུར་ཟགས་ཐོན་མང་བ། ཕོ་བ་དང་མིད་པའི་ལྡོག་རྒྱུག་ནད་ཕོག་པའི་མི་ཚོགས་ལ་མཚོན་ན། རྒྱུན་དུ་འཚིག་ཇ་འཐུང་བའམ་ཡང་ན་འཐུང་ཚད་ཚད་ལས་བརྒལ་ན་སྐྱུག་མེར་ལངས་པ་དང་སྐྱུག་པ། ཕོ་ཁ་སྐྱུར་ལངས་པ། བྲང་ཚ་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།
4. རྒྱུ་མའི་སྐུལ་སླ་རྟགས་འདུས་ནད་པ།
རྒྱུ་མའི་སྐུལ་སླ་རྟགས་འདུས་ནད་ནི་རྒྱུན་དུ་མཐོང་བའི་བྱེད་ལས་རང་བཞིན་གྱི་རྒྱུ་མའི་ནད་ཅིག་ཡིན་ལ། དེས་ནད་པར་ཁོག་པ་བཤལ་པ་དང་བཤང་འགག་བྱུང་དུ་འཇུག་སྲིད།
ཁོ་ཧྥེ་རྒྱུས་འཇུ་བྱེད་མ་ལག་ཁྲོད་ཕོ་བའི་སྐྱུར་དང་མཁྲིས་སྣོད་འཁུམ་འདུ་རྒྱུ་ཟགས་ཐོན་སློང་སྲིད་པ་དང་། ལོང་གའི་འགུལ་སྐྱོད་ལ་སྐུལ་འདེད་བྱས་ཏེ། ཁོག་པ་བཤལ་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། སྤྱིར་བཏང་གི་གནས་ཚུལ་འོག རྒྱུ་མའི་སྐུལ་སླ་རྟགས་འདུས་ནད་པ་ནི་ཁོ་ཧྥེ་རྒྱུ་ལ་ཚོར་བ་སྐྱེན་པས། འཐུང་རྗེས་ཕོ་རྒྱུ་མི་བདེ་བ་དང་ཁོག་པ་བཤལ་བའི་ནད་རྟགས་ཇེ་ཆེར་འགྲོ་སྲིད། ཁོ་ཧྥེ་རྒྱུ་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་བཏང་ན། རྒྱུ་མའི་རྟགས་འདུས་ནད་ཀྱི་འབྲེལ་ཡོད་ནད་རྟགས་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།
5. རུས་རྒྱུ་སོབ་པའི་མི་ཚོགས།
འཚིག་ཇའི་ནང་གི་ཁོ་ཧྥེ་རྒྱུ་དང་རོའུ་སྐྱུར་སོགས་ཀྱི་གྲུབ་ཆ་ཡིས་ཀལ་བསྡུ་ལེན་བྱེད་པར་དངོས་གནས་ཤུགས་རྐྱེན་ཐེབས་སྲིད། དུས་མཚུངས་སུ་ཁོ་ཧྥེ་རྒྱུས་གཅིན་ཇེ་མང་དུ་བཏང་ནས་ཀལ་ཤོར་ཚད་ཇེ་མང་དུ་འགྲོ་སྲིད། འོན་ཀྱང་། དེ་ནི་བདེ་ཐང་གི་མིའི་ངོས་ནས་བཤད་ན་ཤུགས་རྐྱེན་ཆེན་པོ་མེད། ཞིབ་འཇུག་ཞིག་ལས། ཁོ་ཧྥེ་རྒྱུས་ཀལ་བསྡུ་ལེན་ལ་ཐེབས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆུང་སྟེ། འོ་མ་ཟས་ཁེམ1-2ཙམ་གྱིས་ཡོངས་སུ་སེལ་ཐུབ།
འོན་ཀྱང་། རུས་རྒྱུ་སོབ་པའི་ནད་ཕོག་པའི་མི་ཚོགས་ཀྱིས《རྒན་རྒོན་གྱི་རུས་རྒྱུ་སོབ་པའི་རང་བཞིན་གྱི་ན་ཟུག་སྨན་བཅོས་དང་དོ་དམ་སྐོར་གྱི་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་ཐུན་མོང་ངོས་འཛིན(2024ལོའི་པར་གཞི)》ནང་འཚག་ཇ་ཚད་བརྒལ་མི་འཐུང་བའི་གྲོས་འགོ་བཏོན།
6. སྔོ་རིབ་ནད་པ།
ཞིབ་འཇུག་ལས་མངོན་པ་ལྟར་ན། འཚིག་ཇའི་ནང་དུ་འདུས་པའི་ཁོ་ཧྥེ་རྒྱུས་སྔོ་རིབ་ནད་པའི་མིག་གི་གནོན་ཤུགས་རྒྱུན་ལྡན་མིན་པའི་སྒོ་ནས་ཇེ་མཐོར་འགྲོ་རུ་འཇུག་པས། དེ་ནི་སྔོ་མིག་ནད་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁའི་རྒྱུ་རྐྱེན་ཡིན། མིག་གི་གནོན་ཤུགས་ཇེ་མཐོར་སོང་ན་མཐོང་བྱེད་དབང་རྩ་ལ་གནོད་སྐྱོན་དང་མཐོང་བྱེད་ནུས་པར་གནོད་སྐྱོན་འབྱུང་ལ། ཚབས་ཆེ་ན་མིག་ལོང་བར་འགྱུར་སྲིད།
དེར་བརྟེན། སྔོ་མིག་ནད་པས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་འཚིག་ཇ་ལྟ་བུའི་འདུས་ཚད་མཐོ་བའི་ཁོ་ཧྥེ་རྒྱུའི་རིགས་མི་འཐུང་བ་དང་། མིག་གི་གནོན་ཤུགས་ཇེ་མཐོར་འགྲོ་བ་དང་རླབས་འགུལ་གྱིས་མིག་ལ་སྔར་ལས་གནོད་འཚེ་མི་ཐེབས་པ་བྱ་དགོས།
7. བྱིས་པ་དང་ལོ་ཆུང་གཞོན་ནུ།
《ཀྲུང་གོའི་བྱིས་པ་དང་ལོ་ཆུང་གཞོན་ནུའི་སིལ་ཟས་ཕྱོགས་སྟོན(2018)》ནང་དུའང་ཁོ་ཧྥེ་རྒྱུའི་གྲུབ་ཆ་འདུས་པའི་ཟས་རིགས་ཀྱིས་བྱིས་པའི་ཀླད་པའི་འཚར་སྐྱེ་དང་ནུས་པར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད། དེར་བརྟེན། ལོ12དང་དེའི་མན་གྱི་བྱིས་པས་འཚིག་ཇ་འཐུང་མི་ཆོག་པ་དང་། ཇ་གར་པོ་དང་ཁོ་ཧྥེ་རྒྱུ་འདུས་པའི་བཏུང་བྱའི་རིགས་འཐུང་མི་རུང་།
8. སྦྲུམ་མ་དང་ནུ་མ་སྣུམ་དུས་ཀྱི་བུད་མེད།
《ཁོ་ཧྥེ་དང་བདེ་ཐང་དང་འབྲེལ་བའི་ཚན་རིག་གི་ཐུན་མོང་ངོས་འཛིན》ཞེས་པའི་ནང་སྦྲུམ་མས་འཚིག་ཇ་མི་འཐུང་བ་དང་། གལ་ཏེ་འཐུང་ཚེ་ཉིན་རེར་ཕོར་བ2ལས་བརྒལ་མི་རུང་ཞེས་བཀོད་ཡོད། ཁ་ན་ཏའི་འཕྲོད་བསྟེན་པུའུ་དང་། ཨ་རིའི་མོ་ནད་ཚན་ཁག་སློབ་ཚོགས། ཨ་རིའི་མངལ་སྦྲུམ་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་མངལ་སྦྲུམ་སྐབས་འཚིག་ཇ་ཉུང་ཙམ(ཉིན་རེར་ཁོ་ཧྥེ་རྒྱུ150~300mgལས་མི་བརྒལ་བ་དང་ཕོར་བ2ཙམ་ཡོད)འཐུང་ཆོག་པར་འདོད་ཀྱང་། སྤྱིར་བཏང་སྦྲུམ་མས་འཚིག་ཇ་མ་འཐུང་ན་བཟང་།
དེར་བརྟེན། ནམ་རྒྱུན་འཚིག་ཇ་འཐུང་བའི་གོམས་གཤིས་མེད་པའི་བུད་མེད་ཀྱིས་མངལ་སྦྲུམ་པའི་དུས་དང་ནུ་མ་སྣུན་པའི་དུས་སུ་འཚིག་ཇ་མི་འཐུང་བ་དང་། འཚིག་ཇ་འཐུང་བའི་གོམས་གཤིས་ཡོད་པའི་བུད་མེད་ལ་མཚོན་ན། འཚིག་ཇ་ཚད་བཀག་བྱས་ནས་འཐུང་ན་བཟང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།