​མི་གང་དག་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བ། 
2025.10.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་མི་མང་པོ་ཞིག་ལ་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་རིགས་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད། ཞོལ་ནས་མི་གང་དག་ལ་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བའི་སྐོར་ནས་ངོ་སྤྲོད་ཅིག་བྱེད། 

གཅིག ལོ་ཚོད་ཅུང་མཐོ་བའི་མི།

ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཁྲག་རྩའི་ངོས་རིམ་བཞིན་མཁྲེགས་པོར་འགྱུར་ལ། ཁྲག་ཤེད་ཀྱང་བལྟོས་བཅས་ཀྱིས་ཇེ་མཐོར་འགྲོ། དེ་བས་རྒན་པ་རྣམས་ནི་ཁྲག་ཤེད་མཐོ་བའི་ནད་འབྱུང་ཚད་མཐོ་བའི་མི་ཚོགས་ཡིན། ཡིན་ནའང་ཉེ་བའི་ལོ་འདི་འགར་ན་གཞོན་རྣམས་ཀྱི་ཁྲག་ཤེད་མཐོ་བའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ལོ་ན་རྒན་གཞོན་གང་ཡིན་རུང་། དུས་བཅད་ལྟར་རང་ཉིད་ཀྱི་ཁྲག་ཤེད་ཚད་འཇལ་བྱས་ཏེ། སྨན་པའི་ངག་བཞིན་འཚོ་བ་རོལ་སྟངས་སྙོམ་སྒྲིག་དང་སྨན་བཅོས་བྱས་ན་བཟང་།

གཉིས། ཁྱིམ་རྒྱུད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པ།

ཁྲག་ཤེད་མཐོ་བ་ནི་ཚད་ངེས་ཅན་ནས་མི་རྒྱུད་དང་འབྲེལ་བ་ཡོད་པས། ཕ་མ་དང་གཉེན་ཉེའི་ཁྲག་ཤེད་མཐོ་ན། བུ་ཕྲུག་དང་གཉེན་ཉེ་གཞན་པར་ཁྲག་ཤེད་མཐོ་བའི་ནད་འབྱུང་སླ་བ་རེད། དེ་བས་ཁྱིམ་རྒྱུད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་ན་ཆུང་དུས་ནསའཚོ་བའི་གོམས་གཤིས་ལེགས་པོ་ལོབས་སུ་འཇུག་པ་དང་། ཚྭ་མང་བ་དང་སྣུམ་ཆེ་བ། མངར་ཆེ་བའི་ཟས་ཉུང་བཟའ་བྱེད་པ། འོས་འཚམ་གྱི་འགུལ་སྐྱོད་རྒྱུན་འཁྱོངས་བྱས་ཏེ་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ། དུ་བ་གཅོད་པ་དང་ཆང་ཚོད་འཛིན་པ། སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་བཅས་བྱ་འོས།

གསུམ། སྐྱེས་པ།

སྐྱེས་པ་ནི་བུད་མེད་ལས་ཁྲག་ཤེད་མཐོ་སླ་ལ། ལྷག་པར་དུ་སྐྱེས་པ་དར་མ་དང་གཞོན་པ་རྣམས་ཀྱི་ཁྲག་ཤེད་མཐོ་སླ། དེ་ནི་ཕལ་ཆེར་ལུས་ཁམས་ཀྱི་ཁྱད་ཆོས་དང་འཚོ་བའི་གོམས་གཤིས། སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་སྟངས་སོགས་དང་འབྲེལ་བ་ཡོད་ངེས། དེ་བས་སྐྱེས་པ་རྣམས་ཀྱིས་རང་ཉིད་ཀྱི་སྙིང་དང་ཁྲག་རྩའི་བདེ་ཐང་ལ་མཉམ་འཇོག་བྱས་ཏེ། དུས་བཅད་ལྟར་ཁྲག་ཤེད་ཚད་འཇལ་དང་དུས་ཐོག་ཏུ་སྨན་བཅོས་བྱ་འོས།

བཞི། ལུས་ཚོན་པོ་ཅན།

ལུས་པོ་ཚོ་བ་ནི་ཁྲག་ཤེད་མཐོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཚོན་པོར་གྱུར་ན་སྙིང་གི་ཁུར་པོ་ཇེ་ལྕི་དང་ཁྲག་རྩའི་འགོག་ཤུགས་ཇེ་ཆེར་སོང་ནས་ཁྲད་ཤེད་ཇེ་མཐོར་འགྲོ་བས། ཚོན་པོ་རྣམས་ཀྱིས་ངེས་པར་དུ་ཧུར་ཐག་གིས་ཚོ་བྱང་དུ་འཇུག་དགོས་པར་མ་ཟད། བཟའ་བཏུང་གི་གོམས་གཤིས་ལེགས་པོ་དང་འགུལ་སྐྱོད་རྒྱུན་འཁྱོངས་བྱ་དགོས།

ལྔ། འཚོ་བའི་གོམས་གཤིས་མི་ལེགས་པ།

འཚོ་བའི་གོམས་གཤིས་ལེགས་པོ་མེད་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆེར་འགྲོ་ངེས། གལ་ཏེ་ཚྭ་དང་སྣུམ། ཀ་རའི་རིགས་སོགས་ཟ་ཚད་མཐོ་བ་དང་། འགུལ་སྐྱོད་མི་བྱེད་པ། དུ་བ་འཐེན་པ་དང་ཆང་མང་དུ་འཐུང་བ། ཡུན་རིང་དུ་སེམས་ཁམས་ལྷོད་ལ་འབབ་མི་ཐུབ་པ་སོགས་བྱས་ན་ཁྲག་རྩའི་ནུས་པར་གནོད་པ་དང་། ཁྲག་འཁོར་རྒྱུག་ལ་ངན་ཤུགས་ཐེབས་ནས། ཁྲག་ཤེད་ཇེ་མཐོར་འགྲོ་ངེས། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པ་ལྟར་ན། མི་རེས་ཉིན་རེར་ཚྭ་བཟའ་ཚད་ཁེ5ལས་ཉུང་དགོས་པ་དང་། ཚད་མ་ལོངས་པའི་ཚིལ་སྐྱུར་ཏེ་སྲན་ཆེན་གྱི་སྣུམ་དང་སྐྱུ་རུ་རའི་སྣུམ། ཁྲ་ཡིའུ་སྣུམ། རྩི་ཤིང་གི་སྣུམ། ཉའི་ཞག་ཚིལ་སོགས་ཇེ་མང་དུ་གཏོང་བ། ཚད་ལོངས་ཚིལ་སྐྱུར་ཏེ་ཕག་ཤའི་ཞག་ཚིལ་དང་མར་སོགས་ཉུང་བཟའ། དུ་བ་གཅོད་པ་དང་ཆང་ཚོད་འཛིན་པ། འགུལ་སྐྱོད་འོས་འཚམ་བྱེད་པ། སེམས་ཁམས་ལྷོད་ལྷོད་བཅས་བྱེད་དགོས། དེ་བས་འཚོ་བ་རོལ་སྟངས་ལེགས་བཅོས་བྱ་རྒྱུ་ནི་ཁྲག་ཤེད་མཐོ་བ་སྔོན་འགོག་དང་སྨན་བཅོས་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་རེད། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།