ཁ་པར་ལ་ལྟ་སྐབས་མིག་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས།
2025.11.03 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

ད་ལྟའི་དུས་རབས་ཆ་འཕྲིན་ཅན་དུ་འགྱུར་བཞིན་པ་དང་བསྟུན། རྒན་དར་གཞོན་གསུམ་ཚང་མས་ཁ་པར་བཀོད་སྤྱོད་བྱེད་བཞིན་ཡོད། དེ་བས། མིག་གི་བདེ་ཐང་ལ་དོ་སྣང་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་ཏུ་གྱུར་འདུག་པས་ཁ་པར་ལ་ལྟ་སྐབས་གང་དག་ལ་ཉམས་འཇོག་བྱེད་དགོས་པའི་སྐོར་ནས་ངོ་སྤྲོད་ཅིག་བྱེད།

གཅིག ཁ་པར་དང་མིག་གི་བར་ཐག་ལ་མཉམ་འཇོག་བྱེད་པ།

དུས་རྒྱུན་ཁ་པར་ལ་ལྟ་སྐབས་དང་ཟུར་དུ་ལོག་ནས་ཁ་པར་རྩེ་སྐབས་གང་ཡིན་ཡང་། འཆར་ཤེལ་དང་མིག་གི་བར་ཐག་ཧ་ཅང་ཉེ་རུ་འཇུག་མི་རུང་བར། ཁྲུ་གང་གི་བར་ཐག་སྟེ་ཕལ་ཆེར་ལི་སྨི50ནས70ཙམ་འཇོག་འོས།

གཉིས། འོད་སྙོམ་སྒྲིག་བྱེད་ཤེས་དགོས།

ང་ཚོའི་མིག་གིས་འོད་ཀྱི་ཆ་རྐྱེན་མི་འདྲ་དང་བསྟུན་ཏེ་རང་འགུལ་ངང་རྣོའི་ཆེ་ཆུང་སྙོམ་སྒྲིག་བྱེད་ཐུབ་པས། འོད་གསལ་ཚད་ཅུང་ཞན་པའི་སྐབས་སུ་རྣོ་ཇེ་ཆེར་གྱུར་ནས་འོད་མང་ཙམ་འཛིན་པ་དང་། འོད་གསལ་ཚད་ཅུང་ཆེ་སྐབས་རྣོ་ཇེ་ཆུང་དུ་གྱུར་ནས་མིག་ནང་ལ་འོད་འཛུལ་ཚད་ཇེ་ཉུང་དུ་གཏོང་བར་བྱེད། གལ་ཏེ་མུན་ནག་ནང་དུ་ཁ་པར་བརྩེ་ཚེ། འཆར་ཤེལ་གྱི་འོད་ཆེ་ཞིང་མཐའ་འཁོར་གྱི་འོད་ཞན་པས། ང་ཚོའི་མིག་གི་རྣོ་སྙོམ་སྒྲིག་བྱེད་ཐེངས་ཇེ་མང་ལ་སོང་ནས་མིག་ཐང་ཆད་སླ་བར་མ་ཟད་མྱུར་གཤིས་སྔོ་གྲིབ་མིག་ནད་འབྱུང་སླ་ལ། ཚབས་ཆེ་ན་མཐོང་ནུས་ཉམ་ཡང་སྲིད། དེ་བས་ཁ་པར་རྩེ་སྐབས་ཁ་པར་འཆར་ཤེལ་གྱི་འོད་དང་མཐའ་འཁོར་གྱི་འོད་གཉིས་ལ་བར་ཁྱད་ཆེན་པོ་མེད་པར་བྱས་ཏེ། མིག་གིས་དཀའ་ལས་མང་པོ་རྒྱག་མི་དགོས་པར་ཁ་པར་འཆར་ཤེལ་གསལ་བོར་མཐོང་ཐུབ་པ་བྱ་དགོས། གལ་ཏེ་མཚན་མོར་ཁ་པར་རྩེ་སྐབས་ཁང་པའི་གློག་བཀར་མི་འདོད་ཚེ། སྔས་མགོར་གློག་སྒྲོན་ཆུང་ངུ་ཞིག་བཞག་ན། མིག་ལ་སྲུང་སྐྱོབ་བྱ་ཐུབ་པར་མ་ཟད། གློག་གཟུམ་བཀར་བྱ་རྒྱུ་ཡང་སྟབས་བདེ།

གསུམ། ཁ་པར་ལ་ལྟ་བའི་དུས་ཡུན་ལ་མཉམ་འཇོག་བྱ་དགོས།

ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། སློབ་ཆེན་སློབ་མ100ཡིས་དུས་ཚོད1ལ་ཁ་པར་བརྩེས་རྗེས་ཀྱི་མཐོང་ཚོར་ལ་སྡོམ་རྩིས་བྱེད་སྐབས་མིག་ལ་མི་བདེ་བ་འབྱུང་བའི་བསྡུར་ཚད93.9%ལ་སླེབས་ཡོད་པ་རེད། དེ་བས་ང་ཚོས་དུས་ཡུན་རིང་བོར་འོད་གསལ་བའི་གློག་རྡུལ་འཆར་ཤེལ་ལ་བལྟ་མི་རུང་བ་དང་སྐར་མ20ཡི་རིང་ཁ་པར་ལ་བལྟས་རྗེས་མིག་གིས་དངོས་པོ་གཞན་ལ་བལྟ་བའམ་སྐར་ཆ20ལ་རྒྱང་ལྟ་བྱ་འོས། གཞན་ཉིན་རེར་ཁ་པར་ལ་བལྟ་བའི་དུས་ཡུན་ཆུ་ཚོད4ལས་བརྒལ་དུ་འཇུག་མི་རུང་། 

བཞི། མིག་བརྡེབ་རྒྱུ་གལ་ཆེན་པོ་ཡིན།

རྒྱུན་ལྡན་ལྟར་ན་ང་ཚོའི་མིག་སྐར་མ་རེར་ཐེངས24ལ་རྡེབ་ཀྱིན་ཡོད་ལ། མིག་རྡེབ་ཐེངས་རེར་མིག་ཆུ་ཟགས་ཐོན་བྱས་ནས་མིག་སྐྱིར་རླན་སྟེར་བཞིན་ཡོད། ང་ཚོས་བློ་རིག་བསྒྲིམས་ནས་ཁ་པར་གྱི་འཆར་ངོས་ལ་ཡུན་རིང་ཅེར་བའི་སྐབས་སུ་མིག་རྡེབ་གྲངས་ཇེ་ཉུང་ལ་སོང་ནས་མིག་ཆུ་ཟགས་ཐོན་གྱིས་མ་འདང་བར་མིག་སྐམ་པ་དང་། ཐ་ན་མིག་སྐམ་ནད་འབྱུང་ཡང་སྲིད། དེ་བས་དུས་ཡུན་རིང་བོར་ཁ་པར་ལ་ལྟ་སྐབས་མིག་ཡང་ཡང་བརྡེབ་རྒྱུ་གལ་ཆེན་པོ་ཡིན།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།