
སེན་འོག་ཚ་ནད་ནི་རྐང་པའི་སེན་མོའི་གཞོགས་གཉིས་ཀྱི་སེན་འོག་དང་དེའི་ཉེ་འཁོར་གྱི་མཉེན་པོའི་ཕུང་གྲུབ་རེད་པ་ལས་བྱུང་བ་ཡིན་ལ། སེན་མོའི་ཉེ་འཁོར་ལ་སྐྱོན་ཕོག་པའམ་ལྷམ་གྱིས་བཅུམ་དྲགས་པ། སེན་མོ་ཤ་གསེང་ལ་ཟུག་པ། རྨས་ཕོག་པ། སེན་མོ་གཅོད་སྟངས་མ་འགྲིག་པ། སེན་མོར་མཛེས་སྤྲས་སྟངས་མ་འགྲིག་པ་སོགས་ནི་ནད་འདིའི་འབྱུང་རྐྱེན་གཙོ་བོ་ཡིན། སེན་འོག་ཚ་ནད་ཀྱི་ནད་པས་སྔ་དུས་སུ་ནད་རྟགས་ཅུང་ཡང་བའི་སྐབས། ན་བཞིན་པའི་རྐང་པར་འཁྱགས་དར་གླན་པ་དང་ཏེན་ཧྥུ་བྱུགས་ནས་དུག་སེལ་བྱེད་པ། རླུང་རྒྱག་ཏུ་འཇུག་པ། བཙུར་གནོན་མི་ཐེབས་པ་སོགས་བྱ་དགོས། སེན་མོའི་ཉེ་འཁོར་གྱི་མཉེན་པོའི་ཕུང་གྲུབ་དག་ལ་སྐྱོན་བྱུང་ཚེ། ངེས་པར་དུ་སྲིན་འགོག་རྫས་抗生素སྤྱད་ནས་གསོ་བཅོས་བྱ་དགོས། གལ་ཏེ་སེན་འོག་གི་ཉེ་འཁོར་དམར་པོར་གྱུར་པ་དང་སྐྲངས་པ། ཚ་རྒྱས་པ། ན་བ་སོགས་བྱེད་པའམ། སེན་མཐའ་རྣག་པ། ལུས་དྲོད་ཇེ་མཐོར་འགྲོ་བ་སོགས་བྱེད་ན། ངེས་པར་དུ་སྨན་ཁང་ལ་འགྲོ་དགོས་ཤིང་། གཤགས་བཅོས་བརྒྱུད་དེ་རྣག་ཁྲག་ཕྱིར་དྲངས་ན་ད་གཟོད་སོས་ཐུབ། གལ་ཏེ་སེན་འོག་ཚ་ནད་རྒྱས་པ་ནི་སེན་མོས་བཙུར་གནོན་བྱས་པ་དང་འབྲེལ་བ་ཡོད་ན། སེན་མོའི་ཁག་ཅིག་འབལ་དགོས་ཤིང་། སེན་འོག་ཚ་ནད་ཡང་ཡང་བྱུང་ན་གཤགས་བཅོས་བྱ་དགོས།
གཡང་མོ་སྒྲོལ་མས་བསྒྱུར།