ཇ་ལྗང་ལ་གླེན་ནད་འགོག་པའི་ནུས་པ་ལྡན་ཞིང་ཡ་གླིང་གི་མི་ལ་ལྷག་ཏུ་ཕན།
2025.11.06 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

ཇ་ལྗང་ལ་ལུས་ཁམས་གསོ་བའི་ཕན་ནུས་མང་བོ་ལྡན་ཞིང་། མིའི་ཤེས་རྟོགས་སྲུང་བའི་ཐད་ནས་ལྷག་ཏུ་མངོན་གསལ་ཡིན། ཉེ་ཆར། ཀྲུང་གོ་དང་ལྗར་པན་སོ་སོས་ཞིབ་འཇུག་བྱས་ཏེ་ར་སྤྲོད་བྱས་པ་ལྟར་ན།  ཇ་ལྗང་གིས་གླེན་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། ཡ་གླིང་གི་མི་ལ་ལྷག་ཏུ་ཕན།

ཀྲུང་གོའི་ཨའོ་མོན་ཚན་རྩལ་སློབ་ཆེན་དང་ཨའོ་མོན་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་མཉམ་ལས་བྱས་ཏེ། 2004ལོའི་ཟླ9པ་ནས2024ལོའི་ཟླ9པའི་བར་སྤེལ་བའི་འབྲེལ་ཡོད་ལྟ་ཞིབ་རང་བཞིན་གྱི་ཞིབ་འཇུག་ལ་དབྱེ་ཞིབ་བྱས་པ་དང་། ཁྱོན་བསྡོམས་ཞིབ་འཇུག་རྣམ་གྲངས18དུ་ཞུགས་པའི་མི58929ལ་འབྲེལ་བ་ཡོད། མཇུག་འབྲས་ལས་ཤེས་གསལ་ལྟར་ན། ཇ་ལྗང་འཐུང་ཚད་དང་ཤེས་རྟོགས་ནུས་པ་ཇེ་དམའ་རུ་འགྲོ་བ་གཉིས་ལ་ལྡོག་འགྱུར་གྱི་འབྲེལ་བ་གྲུབ་ཅིང་། དེ་ཡིས་ཤེས་རྟོགས་བྱེད་ནུས་མར་ཆག་པའི་ཉེན་ཁ37%ཙམ་ཇེ་དམའ་རུ་གཏོང་ཐུབ་པར་མ་ཟད། ལོ50ནས69བར་གྱི་མི་ལ་ཕན་འབྲས་ཆེས་མངོན་གསལ་རེད། ཚན་ཆུང་ཕལ་བའི་དབྱེ་ཞིབ་ལས་མངོན་པ་ལྟར་ན། ཇ་ལྗང་གིས་གླེན་ནད་འབྱུང་བའི་ཉེན་ཁ25%ཡས་མས་ཤིག་ཇེ་དམའ་རུ་གཏོང་ཐུབ་པ་དང་། ཤེས་རྟོགས་གེགས་རྐྱེན་འབྲིང་བའི་རིགས་འབྱུང་བའི་ཉེན་ཁ36%ཡས་མས་ཀྱིས་ཇེ་དམའ་རུ་གཏོང་ཐུབ།  ཤེས་རྟོགས་སྲུང་སྐྱོབ་བྱས་པའི་ཕན་འབྲས་དེ་ཡ་གླིང་གི་མིའི་ཁྲོད་ནས་མངོན་གསལ་ཡིན་པ་དང་། ཡོ་རོབ་གླིང་གི་མི་ལ་ཕན་མི་ཐོགས།

ལྗར་པན་ཞིན་ཞི་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་ཆ་སྙོམས་ལོ་ཚོད59ཡིན་པའི་སྡོད་དམངས13660ཞིབ་འཇུག་བྱ་ཡུལ་དུ་བཟུང་སྟེ། རང་གིས་སྐོང་བའི་འདྲི་ཤོག་བརྒྱུད་ནས་ཞིབ་འཇུག་བྱ་ཡུལ་གྱི་ཇ་ལྗང་འཐུང་ཚད་སྡུད་ལེན་བྱས། ལོ12རིང་ལ་རྗེས་འདེད་ལྟ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ཇ་ལྗང་འཐུང་ཚད་ཇི་ཙམ་མང་ན་གླེན་ནད་འབྱུང་བའི་ཉེན་ཁ་དེ་ཙམ་གྱིས་དམའ་བ་དང་། ཇ་ལྗང་ཕོར་བ་གང་རེ(ཧའོ་ཧྲེང150ཙམ)བསྣན་ན། གླེན་ནད་འབྱུང་བའི་ཉེན་ཁ་ཧ་ལམ4.8%ཙམ་ཇེ་དམའ་རུ་གཏོང་ཐུབ།

ཞིབ་འཇུག་མི་སྣས་བསྟན་དོན། ཇ་ལྗང་གིས་ཤེས་རྟོགས་བྱེད་ནུས་སྲུང་སྐྱོབ་བྱེད་པའི་ནུས་པ་ནི་དེའི་ནང་དུ་འདུས་པའི་ཏའོ་ཧྥེན་སོགས་ཀྱི་དངོས་རྫས་ལས་བྱུང་བ་ཡིན་མོད། འོན་ཀྱང་། གླེན་ནད་འབྱུང་བར་སྔོན་འགོག་བྱ་ཆེད་ཇ་ལྗང་འཐུང་བ་ཚད་ལས་བརྒལ་མི་རུང་། ཇ་ལྗང་འཐུང་ཚད་ཀྱིས་གླེན་ནད་ལ་ཡུན་རིང་ཐེབས་པའི་ཤུགས་རྐྱེན་དང་མི་སྒེར་གྱི་ཁྱད་པར་ལ་ད་དུང་གཞི་རྒྱ་ཆེ་བའི་ངང་ཞིབ་འཇུག་བྱ་དགོས།

                                                           རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།