མྱུར་མོར་ཚོ་བྱང་དུ་བཅུག་ན་གནོད་པ་གང་དག་ཡོད།
2025.11.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཚོ་བྱང་དུ་འཇུག་པ་ནི་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས་པའི་དོན་དག་ཅིག་ཡིན། འོན་ཀྱང་། སྐྱེ་གཟུགས་མཛེས་པར་འདོད་མཁན་མང་པོས་མྱུར་མོར་ཚོ་བྱང་ཆེད། ཐལ་དྲགས་པའི་བྱེད་ཐབས་སྣ་ཚོགས་སྤྱོད་བཞིན་ཡོད། འོ་ན། མྱུར་མོར་ཚོ་བྱང་དུ་བཅུག་ཚེ་གནོད་པ་གང་དག་ཡོད།

གཅིག རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ། 

མྱུར་མོར་ཚོ་བྱང་དུ་འཇུག་སྐབས་ཚ་ནུས་སྡུད་ལེན་བྱེད་ཚད་དམའ་བ་དང་འཚོ་བཅུད་དོ་མཉམ་མིན་པ། འཚོ་བཅུད་སྡུད་ལེན་བྱེད་ཚད་མི་འདང་བ་སོགས་ཀྱི་གནོད་པ་འབྱུང་བར་མ་ཟད།  མྱུར་མོར་ཚོ་བྱང་བ་ལ་རྐྱེན་བྱས་ཏེ་ཤ་གནད་སྤྲི་དཀར་དབྱེ་འབྱེད་བྱས་ནས། ལུས་ཤུགས་དང་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། ཚབས་ཆེ་ན་ཡི་མུག་ནད་སོགས་སློང་ཡང་སྲིད།

གཉིས། ལུས་པོའི་སྐྱི་མོ་ལྷོད་པ་དང་རྒས་སྔ་བ། 

མྱུར་མོར་ཚོ་བྱང་དུ་བཅུག་ཚེ་སྐྱི་མོ་འཁུམ་པའི་འགྲོས་ཚད་ཀྱིས་ཚིལ་དང་གདོད་སྤྱིན་སྤྲི་དཀར་འཛད་པའི་འགྲོས་ཚད་ཀྱི་རྗེས་མ་ཆོད་པར། ལྡེམ་གཤིས་མར་ཆག་ནས་གཉེར་མ་ཇེ་མང་དང་སྐྱི་མོ་ཇེ་ལྷོད་དུ་འགྲོ་བ།  ཚོ་བྱང་དུ་འཇུག་སྐབས་འཚོ་བཅུད་མི་བཟང་བས་ཀྱང་གདོང་གི་སྐྱི་མོ་སྐམ་པ་དང་མདངས་མེད་པ། ངོ་མདོག་སེར་པོ་ཆགས་པ་སོགས་བྱེད། གལ་ཏེ་ཚོ་བྱང་རྗེས་ཡང་བསྐྱར་ཚོ་འབུད་པའི་འཁོར་རྒྱུག་ཐེངས་འགར་བྱས་ཚེ། སྐྱི་མོར་སྔ་མོ་ནས་གཉེར་མ་ཆགས་པ་དང་གདོང་ཤ་མར་ལུག་པ། མཁུར་ཚོས་མར་འགྲིབ་པ། རྐང་ལག་གི་ཤ་གནད་ཉམས་པ་སོགས་བྱེད།

གསུམ། ཟླ་རེའི་ཟླ་མཚན་འབབ་ཚད་མི་གཅིག་པ་དང་ཁམས་སྣོད་རྒས་སྔ་བ།

 དུས་ཡུན་ཐུང་ངུའི་ནང་གཟུགས་པོའི་ལྗིད་ཚད་མྱུར་མོར་མར་ཆག་ཚེ། སྐྱེས་མའི་ཟགས་ཐོན་མ་ལག་ལ་ཤུགས་རྐྱེན་ཐེབས་ཏེ། ཁམས་སྣོད་ཀྱི་བྱེད་ནུས་མར་ཆག་པ་དང་ཟླ་མཚན་ཇེ་ཉུང་དུ་འགྲོ་བ། ཟླ་མཚན་འབབ་སྔ་བའམ་འབབ་འཕྱི་བ། ཐ་ན་ཟླ་མཚན་མེད་པར་འགྱུར་བ་སོགས་ཀྱི་གནོད་པའང་འབྱུང་སྲིད།

བཞི། ལུས་པོའི་བརྗེ་ཚབ་བྱེད་ཚད་མར་ཆག་པ། 

མྱུར་མོར་ཚོ་བྱང་དུ་བཅུག་ཚེ་ལུས་པོའི་རྙིང་ཚབ་གསར་འབྱེད་ལ་ཤུགས་རྐྱེན་ཐེབས་ཏེ། བརྗེ་ཚབ་བྱེད་ཚད་མར་ཆག་པ་དང་ཚོ་ཡང་བསྐྱར་འབུད་སླ་བའི་གནོད་པ་ཐེབས་སྲིད། 

ལྔ། རུས་རྒྱུ་སོབ་སོབ་ཏུ་འགྱུར་བ།  

ལུས་པོའི་ལྗིད་ཚད་མར་ཕབ་རྒྱུ་མགྱོགས་དྲགས་སྐབས། སྤྲི་དཀར་རྒྱུ་དང་ཀལ་གཞི་རྒྱུ་སྡུད་ལེན་བྱེད་ཚད་མི་འདང་བ་དང་། ཐོན་སྐྱེ་ལ་རྐྱེན་བྱས་ཏེ་ཀལ་མང་པོ་ཤོར་བ་ཡིས་རུས་རྒྱུ་སྔ་མོ་ནས་སོབ་སོབ་ཏུ་འགྱུར་ངེས། དུས་མཚུངས་སུ་མྱུར་མོར་ཚོ་བྱང་དུ་བཅུག་ན་ཤ་གནད་རྒས་སླ་བ་ཐག་ཆོད་ཡིན་པས། ལུས་ཀྱི་ནུས་ཤུགས་དང་དོ་མཉམ་རང་བཞིན་མར་ཆག་ཅིང་། ཤ་གནད་ཀྱིས་རུས་སྒྲོམ་ལ་སྲུང་སྐྱོབ་བྱེད་ཚད་ཇེ་སྡུག་ཏུ་ཕྱིན་ནས་རུས་ཆག་སོགས་འབྱུང་སླ་བ་ཡིན། 

རྩོམ་སྒྲིག་པ།  གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།