​གཉིད་ཁུག་པའི་དུས་ཚོད་འཚམ་པོ་མ་བྱུང་ན་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ།
2025.11.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྙིང་ཁམས་ཁྲག་རྩའི་ནད་རིགས་དབང་གིས་ལོ་རེར་འཛམ་གླིང་སྟེང་མི་ཁྲི1800ལྷག་གི་ཚེ་སྲོག་ཤོར་གྱིན་ཡོད། ཞིབ་འཇུག་བྱས་འབྲས་ལས་མངོན་པ་ལྟར་ན། དགོང་མོའི་ཆུ་ཚོད10ནས11བར་གཉིད་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད།

ཞིབ་འཇུག་མི་སྣས་ཚོད་ལྟའི་ནང་ཞུགས་མཁན་རྣམས་ཚོགས་ཆུང་བཞི་རུ་བགོས་པ་སྟེ། དགོང་མོའི་ཆུ་ཚོད10ཡི་སྔོན་དུ་གཉིད་མཁན་དང་། དགོང་མོའི་ཆུ་ཚོད10ནས10:59བར་གཉིད་མཁན། དགོང་མོའི་ཆུ་ཚོད11ནས11:59བར་གཉིད་མཁན། མཚན་གུང་གི་ཆུ་ཚོད12པའི་རྗེས་སུ་གཉིད་མཁན་བཅས་མི་ཚོགས་ཁག་བཞི་ལ་བརྟག་དཔྱད་བྱས་པ་བརྒྱུད། སྙིང་ཁམས་ཁྲག་རྩའི་ནད་རིགས་ཕོག་ཚད་ཆུང་ཤོས་ཀྱི་མི་ཚོགས་ནི་དགོང་མོའི་ཆུ་ཚོད10ནས10:59བར་གཉིད་མཁན་གྱི་མི་ཚོགས་དེ་རེད།

གཉིད་ཡག་པོ་ཁུག་པའི་ཚད་གཞི་གསུམ།

གཅིག སྐར་མ30ནང་ཚུན་དུ་གཉིད་ཁུག་ཐུབ་པ། ལོ་དྲུག་མན་གྱི་བྱིས་པ་ཡིན་ཕྱིན་སྐར་མ20ཡི་ནང་གཉིད་ཁུག་ཐུབ་པ།

གཉིས། མཚན་གུང་ལ་གཉིད་ལས་སད་ཐེངས་གསུམ་ལྷག་མི་བརྒལ་བ་དང་། གཉིད་ལས་སད་རུང་སྐར་མ20ཡི་ནང་མུ་མཐུད་དུ་གཉིད་ཁུག་ཐུབ་པ།

གསུམ། གཉིད་ལས་སད་རྗེས་རིག་པ་གྲུང་ཞིང་སེམས་སྐྱིད་པ། བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་པ་བཅས་རེད།

དུས་ཡུན་རིང་བོར་གཉིད་ཡག་པོ་མི་ཁུག་པའི་གནོད་འཚེ།

ཐམ་མེ་ཐོམ་མེ་བྱས་ནས་སེམས་ཤུགས་གཅིག་ཏུ་མི་གནས་པ་དང་དྲན་ཤེས་ཉམས་པ། སློབ་སྦྱོང་དང་ལས་ཀའི་ལས་ཕྱོད་ཇེ་ཆུང་དུ་འགྲོ་བ། འགྲིམ་འགྲུལ་དང་ཐོན་སྐྱེད་བདེ་འཇགས་ཀྱི་ཉེན་ཁ་བཟོ་བ།སེམས་རྩ་བརྟན་པོ་མེད་པ་དང་བློ་མི་བདེ་བ། ཡི་མུག་པ།གཟུགས་གཞིའི་ནད་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། འགོས་ནད་རིགས་དང་སྙིང་ཁམས་ཁྲག་རྩའི་ནད། སྐྲན་ནད་སོགས་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ་བཅས་ཀྱི་གནོད་འཚེ་བཟོ་སྲིད།

གཞན་ཡང་། ཆེད་མཁས་པས་ཉིན་རེར་གཉིད་ཁུག་པའི་དུས་ཡུན་ཆུ་ཚོད6ལས་ཉུང་བ་ཡོད་ན། སྐྲན་ནད་ཕོག་པའི་ཉེན་ཁ་བརྒྱ་ཆའི40ཡན་ཆེ་རུ་འགྲོ་སྲིད་པ་དང་། ལྷག་པར་ཉེན་ཁ་དེའི་རིགས་བུད་མེད་ཀྱི་ལུས་ཐོག་ཏུ་སྔར་བས་མངོན་གསལ་དོད་པོ་ཡོད། ཡུན་རིང་པོར་ཉིན་རེར་གཉིད་ཁུག་པའི་དུས་ཡུན་ཆུ་ཚོད6ལས་ཉུང་བའམ་ཡང་ན་ཆུ་ཚོད9ལས་མང་བ་ཡོད་ན། སྐྲན་ནད་ཕོག་པའི་ཉེན་ཁ་བརྒྱ་ཆའི121ཙམ་གྱིས་ཆེ་རུ་འགྲོ་སྲིད་པ་བསྟན་འདུག 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།