མཆིན་པའི་ཐུམ་འབུ་ནད་ཀྱི་རྒྱུན་ཤེས་འགའ།
2025.11.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཆིན་པའི་ཐུམ་འབུ་ནད་ནི་ཚེར་ཟླུམ་འབུ་ཕྲུག་མི་ལུས་ནས་འཁྲི་སྐྱེ་བྱས་པ་ལས་བསྐྱེད་པའི་མཆིན་པའི་ནད་ཅིག་ཡིན་ལ། མི་ཕྱུགས་གཉིས་ལ་འབྱུང་བ་དང་། རང་རྒྱལ་གྱི་ནུབ་བྱང་རོང་འབྲོག་ས་ཁུལ་དུ་འབྱུང་ཚད་མཐོ་བ་རེད།

  འབྱུང་རྐྱེན།

ཚེར་ཟླུམ་འབུ་ཕྲུག་ཕྲ་མོའི་ཁྲོད་ཀྱི་རྒྱུད་སྤེལ་ཐུབ་པའི་འབུ་ཕྲུག་དེ་ཁྱི་དང་ཝ། སྤྱང་ཀི་སོགས་ཀྱི་རྒྱུ་ནག་ཁྲོད་འཁྲི་སྐྱེ་བྱེད་པ་དང་། དེས་བཏང་བའི་འབུ་སྒོང་རྣམས་སྲོག་ཆགས་དེ་དག་གི་བཤང་གཅི་བརྒྱུད་དེ་ཕྱིར་ཐོན་པས་རྩྭ་ས་དང་ཆུ་ཁུངས་སོགས་སུ་སྦགས་བཙོག་བཟོ་ལ། ཁྱི་དང་སྒོ་ཕྱུགས་སོགས་ཀྱི་སྤུའི་ནང་དུའང་འགོ་བར་བྱེད། འབུ་སྒོང་དེ་དག་སྦགས་བཙོག་བཟོས་ཟིན་པའི་ཟ་མ་བརྒྱུད་དེ་མིའི་ཁོག་པར་འཛུལ་བ་དང་། རིམ་བཞིན་འཚར་སྐྱེ་བྱུང་སྟེ་མཆིན་པ་སོགས་དོན་སྣོད་ལ་གནོད། འོན་ཀྱང་དེ་ཉིད་མི་དང་མིའི་བར་དུ་འགོས་ཁྱབ་མི་བྱེད།

ནད་རྟགས།

ལུས་སྟེང་དུ་ཚེར་ཟླུམ་འབུ་ཕྲུག་ཡོད་ནའང་ཐོག་མའི་ནད་རྟགས་གང་ཡང་མེད། ཐུམ་འབུ་ཇེ་ཆེར་སོང་བ་དང་བསྟུན་ནས་རིམ་བཞིན་ནད་རྟགས་སྣ་ཚོགས་མངོན།

དང་པོ། ཐུམ་འབུ་ཡིས་གནོན་པའི་ནད་རྟགས།

གཅིག ཐུམ་འབུས་སྡོད་རྩ་དང་མཁྲིས་རྩ་མནན་ཏེ་མཁྲིས་རྩ་འགག་པ་དང་། མཚེར་བ་སྐྲང་བ། ཕོ་བར་ཆུ་གསོག་པ།

གཉིས། ཐུམ་འབུས་མཆིན་པ་མནན་ཏེ་ཕོ་བ་སྐྲངས་ནས་མི་བདེ་བར་འགྱུར་བ།

གསུམ། མཆིན་དྲིའི་ངོས་ཀྱི་ཐུམ་འབུ་ཆེན་པོས་མཆིན་དྲི་མནན་ནས་དབུགས་གཏོང་ལེན་ལ་ཤུགས་རྐྱེན་ཐེབས་པ་དང་། ཚབས་ཆེ་ན་དབུགས་གཏོང་ལེན་མི་ཐུབ་པར་འགྱུར་བ།

བཞི། ཐུམ་འབུས་ཕོ་ཁ་མནན་ནས་ཡི་ག་ཆད་པ། ཕོ་བ་སྦོས་པ། ཞེན་ཁ་ལོག་པ།

གཉིས་པ། ཐུམ་འབུ་བརྡོལ་བའི་ནད་རྟགས།

གཅིག ཐུམ་འབུ་བརྡོལ་རྗེས་རྣག་ཁུ་ཕོ་བའི་ནང་བཞུར་ནས་ཕོ་སྐྱིའི་གཉན་ཚད་སློང་བར་བྱེད། ནད་རྟགས་ལ་གཙོ་བོ་ཕོ་བ་ན་བ་དང་ཞེན་ཁ་ལོག་པ། སྐྱུག་པ། ཕོ་བའི་སྟེང་ནས་མནན་པ་དང་ལྡེམ་པ་སོགས་བྱས་ན་ན་ཟུག་མངོན་གསལ་ལངས་པ། ཚོར་སྐྱེན་རང་བཞིན་གྱི་དྲན་པ་ཐོར་བ་སོགས་ཀྱང་འབྱུང་སྲིད།

གཉིས། ཐུམ་འབུ་བརྡོལ་རྗེས་འབུ་ཕྲུག་གློ་བའི་ནང་འཛུལ་བ་དང་། དེས་བྲང་ཁར་ན་ཟུག་ཆེན་པོ་བསླངས་ནས་ཟུག་སློང་རང་བཞིན་གྱི་གློ་ལུ་བསྐྱེད་པ། སྐབས་རེར་ལུད་པའི་ནང་དུ་ཁྲག་འདྲེས་པ་དང་ཚ་རྒྱས་པ་སོགས་འབྱུང་ལ། ནད་པ་ཁ་ཤས་ཀྱི་གློ་ཡུའི་ཡན་ལག་བརྡོལ་བས། གློ་ལུ་སྐབས་ཐུམ་འབུའི་རྣག་ཤུན་དང་མཁྲིས་ཁུ་ཐོན་པའང་ཡོད།

གསུམ་པ། རེད་པའི་ནད་རྟགས།

ཚེར་ཟླུམ་འབུ་ཕྲུག་གི་བསྟུད་འབྱུང་ཕྲ་སྲིན་རེད་པའི་སྣང་ཚུལ་ནི་ཅུང་རྒྱུན་མཐོང་ཡིན་ལ། མང་ཆེ་བ་མཁྲིས་པ་བརྡོལ་བ་ལས་བསྐྱེད། ནད་རྟགས་ཕལ་ཆེར་མཆིན་པའི་རྣག་སྐྲང་ནད་དང་འདྲ་བར་གྲང་བར་སྐྲག་པ་དང་ཚ་རྒྱས་པ་སོགས་བྱེད་ཀྱང་། ནད་རྟགས་རྣམས་མཆིན་པའི་རྣག་སྐྲང་ནད་ལས་ཅུང་ཡང་བ་ཡིན།

བརྟག་དཔྱད།

མཆིན་པའི་ཐུམ་འབུ་ནད་ཀྱི་ནད་རྟགས་ཡོད་ན་དུས་ཐོག་ཏུ་འབྲེལ་ཡོད་ཚན་ཁག་ལ་སོང་ནས་བརྟག་དཔྱད་བྱ་དགོས་ཏེ། ཐོག་དང་པོར་བརྟག་དཔྱད་བྱེད་དུས་འཇུ་བྱེད་ཁོང་ནད་ཚན་ཁག་དང་མཆིན་ནད་ཚན་ཁག མཆིན་མཁྲིས་ཕྱི་ནད་ཚན་ཁག་སོགས་སུ་སོང་ཆོག འོན་ཀྱང་མཆིན་པའི་ཐུམ་འབུ་ནད་ཡིན་པར་ངོས་བཟུང་རྗེས་ཐུམ་འབུའི་ནད་ཀྱི་ཆེད་ལས་སྨན་ཁང་དུ་འགྲོ་དགོས། འབྲེལ་ཡོད་ཀྱི་བརྟག་དཔྱད་ལXཐིག་བརྟག་དཔྱད་དང་། ཚད་བརྒལ་སྒྲ་རླབས། CTརིམས་འགོག་རིག་པའི་ཞིབ་དཔྱད་སོགས་ཡོད་ལ། ནད་བབ་མི་འདྲ་བ་དང་བསྟུན་ནས་སྤྱོད་སྒོའང་མི་འདྲ།

སྨན་བཅོས།

མིག་སྔར་གཤགས་བཅོས་ནི་ཐུམ་འབུའི་ནད་ཀྱི་བཅོས་ཐབས་ལེགས་ཤོས་ཡིན་པ་དང་། ནད་བབ་ལ་གཞིགས་ནས་མཆིན་པ་གཅོད་འབྱིན་གཤགས་བཅོས་དང་མཆིན་པ་བརྗེ་བའི་གཤགས་བཅོས་སོགས་བསྟེན་ཆོག་ལ། ནད་བབ་ཇེ་སྡུག་ཏུ་འགྱུར་བ་ཚོད་འཛིན་བྱེད་པའི་སྨན་ཡང་ཡོད།

སྔོན་འགོག

གཅིག ཟ་མའི་འཕྲོད་བསྟེན། ཟ་མ་མ་ཟོས་པའི་སྔོན་ལ་ལག་པ་བཀྲུ་བ་དང་། ཟས་འཁྱགས་པ་དང་ཚ་བོ་མཉམ་དུ་མི་འཇོག་པ། གཡོས་སྦྱོར་མ་བྱས་པའི་ཟས་རློན་པ་མི་ཟ་བ། ལྷག་པར་ཕྱི་རོལ་དུ་ཡུལ་སྐོར་ལ་འགྲོ་སྐབས་ཟ་མ་རློན་པ་དང་སྦགས་བཙོག་བཟོས་པའི་ཆུ་མི་འཐུང་བ།

གཉིས། ཁྱི་དང་སྒོ་ཕྱུགས་སོགས་ལ་འགོག་སྨན་རྒྱག་པ་དང་། ཡོང་ཁུངས་མི་ཤེས་པའི་ཁྱི་ཆ་མེད་ལ་ལག་པས་མི་རེག་པ།ཐུམ་འབུའི་ནད་ཁུལ་གྱི་ཁྱི་དང་སྒོ་ཕྱུགས་སོགས་ལ་འབྲེལ་འདྲིས་དམ་ཟབ་མི་བྱེད་པ། གལ་ཏེ་ཁྱི་དང་སྒོ་ཕྱུགས་སོགས་ལ་ལག་པས་རེག་པ་ཡིན་ན་ཆུ་གཙང་མ་དང་འདག་རྫས་ཀྱིས་ལག་པ་བཀྲུ་བ། ལག་པའི་སེན་མོའི་བར་ལ་གཙང་སེལ་བྱེད་པ། ཟ་མའི་སྔོན་དང་ཆབ་གསང་ལ་བུད་པའི་རྗེས་སུ་ལག་པ་བཀྲུ་བའི་གོམས་གཤིས་ཆགས་སུ་འཇུག་པ།

གསུམ། སྲོག་ཆགས་ཀྱི་ནང་ཁྲོལ་གཙང་སེལ་ཡག་པོ་བྱ་དགོས་ཏེ། ལྷག་པར་ཐུམ་འབུའི་ནད་འབྱུང་བའི་ས་ཁུལ་ཡིན་ན་ནང་ཁྲོལ་མེར་སྲེག་པའམ་ས་འོག་ཏུ་སྦས་པ་སོགས་བྱས་ན་བཟང་།

བཞི། ཐུམ་འབུའི་ནད་ལ་འགོག་སྲུང་སྨན་རྫས་མེད་པས། རང་ཉིད་དང་ཁྱིམ་མིས་རྒྱུན་པར་ཁྱི་ལ་འབྲེལ་འདྲིས་བྱ་དགོས་ན། དུས་ཐོག་ཏུ་ཁྱིའི་ལུས་ཀྱི་ནད་འབུ་རྩ་མེད་གཏོང་དགོས།

ལྔ། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྲོག་ཆགས་མི་གཙང་བ་དང་འབྲེལ་འདྲིས་དམ་ཟབ་མི་བྱེད་པ་དང་། སྒོ་ཕྱུགས་འཚོ་སྐྱོང་བྱེད་མཁན་གྱིས་སྲོག་ཆགས་ཀྱི་ནད་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས།

དྲུག ལུས་ཕུང་སྦྱོང་བརྡར་བྱས་ཏེ། རིམས་འགོག་ནུས་པ་ཇེ་བཟང་དུ་གཏོང་བ་བཅས་ཡིན།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།