
2025ལོའི་ཟླ11པའི་ཚེས10ཉིན་ནས་བཟུང་། HPVརིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་྇ཁྲོད་བཞག་པ་དང་། 2011ལོའི་ཟླ11པའི་ཚེས10ཉིན་གྱི་རྗེས་སུ་སྐྱེས་པའི་ལོ13ལ་སོན་པའི་བུ་མོ་ཚོས་རིན་མེད་ངང་གཉིས་ཕནHPVརིམས་འགོག་སྨན་ཁབ་བརྒྱབ་ཆོག་སྟེ། སྨན་ཁབ་ཐེངས་གཉིས་ལ་བརྒྱག་དགོས་ཤིང་། ཐེངས་རེའི་བར་དུ་ལོ་ཕྱེད་ཙམ་འགོར་དགོས། འདི་ནི་རང་རྒྱལ་གྱི་མངལ་སྐེའི་འབྲས་སྐྲན་གྱིས་མནར་བའི་ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་ཡིན་པར་མ་ཟད། དམངས་ཡོངས་བདེ་ཐང་ལ་སྐུལ་བའི་རྒྱལ་ཁབ་ཀྱི་ཁས་ལེན་ཞིག་ཀྱང་ཡིན།
མངལ་སྐེའི་འབྲས་སྐྲན་ནི་བུད་མེད་ཀྱི་རྒྱུན་མཐོང་ངན་སྐྲན་ཞིག་ཡིན་ཞིང་། རང་རྒྱལ་དུ་ནད་འདིའི་འབྱུང་ཚད་ཇེ་མང་དུ་ཕྱིན་པར་མ་ཟད་ན་གཞོན་ཅན་དུ་འགྱུར་བའི་རྣམ་པ་མངོན། 2022ལོར་གསར་བྱུང་ནད་པ་ཆིག་འབུམ་ལྔ་ཁྲི་ཆིག་སྟོང་ཙམ་ཡོད་པ་དང་། ནད་འདི་ལས་ཤི་བའི་ནད་པ་ལྔ་ཁྲི་དྲུག་སྟོང་ཙམ་ཡོད། HPVརིམས་འགོག་སྨན་ཁབ་བརྒྱག་རྒྱུ་ནི་མངལ་སྐེའི་འབྲས་སྐྲན་སྔོན་འགོག་བྱེད་ཐབས་གཙོ་བོ་ཡིན།
རྒྱལ་ཁབ་ཀྱིས་ལོ13ལ་སོན་པའི་བུ་མོ་ཚོར་རིན་མེད་ངང་སྨན་ཁབ་རྒྱག་པའི་དམིགས་ཚད་མི་ཚོགས་སུ་གཏན་འཁེལ་བྱས་པ་དེ་ནི་སྲུང་སྐྱོབ་ཕན་འབྲས་དང་། མ་གནས་ཕན་ཁེ། བཀོལ་སྤྱོད་རང་བཞིན་བཅས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་རྗེས་ཀྱི་བྱེད་ཐབས་ཆེས་ལེགས་པ་དེ་ཡིན། ཀྲུང་གོའི་ནད་རིགས་ཚོད་འཛིན་ལྟེ་གནས་རིམས་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཨན་ཀྲི་ཅེ་ཡིས་ལོ13སྐབས་འགོག་སྨན་བརྒྱབ་ན་འགོག་གཟུགས་ཀྱི་ཆུ་ཚད་སྔར་བས་མཐོ་བ་དང་རྒྱུན་སྲིང་སྲུང་སྐྱོབ་ཀྱི་ཕན་འབྲས་སྔར་བས་ཆེ་བ་ཐོན་ཐུབ་པར་བཤད།
རང་རྒྱལ་དུ་ཚོང་རར་བཏོན་ཟིན་པའི་རྒྱལ་ཐོན་གཉིས་ཕནHPVརིམས་འགོག་སྨན་ཁབ་ནི་ཁེ་ལས་གཉིས་ཀྱིས་ཐོན་སྐྱེད་བྱས་པ་དང་། ལོ་རེའི་ཐོན་ནུས་སྨན་ཁབ་བྱེ་བ་ལྔ་ས་ཡ་ལྔ་་ཟིན་པས། HPVརིམས་འགོག་སྨན་ཁབ་ནི་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་བཅུག་པ་དེས་རང་རྒྱལ་གྱི་རིམས་འགོག་འཆར་འགོད་བྱ་གཞག་དུས་རིམ་གསར་བར་བསླེབས་པ་མཚོན།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།