༼ ཁྲི་ཤོར་རྒྱལ་མོའི་འགྱུར་ཁུག ༽ཞེས་པའི་ལེ་ཚན་འདི་བསྒྲུབས་པའི་དགོས་པ་མདོར་བསྡུས།
2017.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 61

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་མཚོ་སྔོན་ཏུ་བྱ་བར་རྟོགས་ཞིབ་ཏུ་ཕེབས་ཏེ་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་ནི་རང་རྒྱལ་གྱི་རྒྱུན་མཐུན་འཕེལ་རྒྱས་ཀྱི་འགག་རྩ་ཡིན། མཚོ་སྔོན་གྱི་ཆེས་རིན་ཐང་ལྡན་པ་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་དང་ནུས་ཤུགས་དེའང་སྐྱེ་ཁམས་ཡིན། དེ་བས་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས། རང་བྱུང་ལ་བརྩི་བཀུར་བྱེད་པ། རང་བྱུང་ཁམས་དང་བསྟུན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲ་བརྟན་དུ་བཏང་ནས། ཕན་ནུས་ལྡན་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་ཕན་ནུས་གཅིག་གྱུར་བྱེད་དགོས་ཞེས་གསུངས་པ་ནང་དུ་བཞིན་དུ། ང་ཚོས་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པ་དང་། སྒོས་སུ་བོད་གངས་ཅན་གྱི་བླ་མཚོ་ཆེན་མོ་སྟེ། མཚོ་སྔོན་པོར་དེ་ལས་ཀྱང་བདག་སྐྱོང་བྱ་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་གཉིས་ཀྱིས་མཉམ་དུ ༼མཚོ་སྔོན་པོ ༽ཞེས་པའི་ལེ་ཚན་གསར་བ་ཞིག་ཆེད་དུ་སྒྲུབ་བཞིན་ཡོད། མཚོ་སྔོན་པོ་ནི་བོད་ཀྱི་བླ་མཚོ་ཆེན་པོ་བཞིའི་ཡ་གྱལ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ལྗོངས་རྒྱུ་ལྟ་སྐོར་བྱེད་སའི་གནས་འགངས་ཆེན་ཞིག་ཡིན་ལ། མཚོ་སྙིང་མ་ཧཱ་དེ་བ་དང་། མཚེར་བ་རི། འདྲེ་མོ་བྲག་དཀར། བྱ་གླིང་བཅས་ལས་གྲུབ་ཡོད། ལོ་རྒྱུས་སྟེང་སྐྱེས་བུ་དམ་པ་མང་པོ་གནས་འདིར་བྱོན་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་འཕེལ་བར་བཤད་པ་དང་། ལྷག་པར་དུ་སློབ་དཔོན་རིན་པོ་ཆེ་དང་སྐྱབས་མགོན་ཞབས་དཀར་བས་ཡུན་རིང་སྒྲུབ་པ་མཛད་པའི་གནས་རྩ་ཆེན་ཞིག་ཏུ་གྲགས། དེ་བས་བོད་ཀྱི་ལོ་རྒྱུས་སྟེང་བོད་མི་རིགས་ཀྱིས་ཉ་མོ་སྲུང་སྐྱོབ་བྱེད་ཆེད། ཉ་ཤ་མི་ཟ་ཞིང་། ཕྱིའི་ཚོང་ཁང་དུ་ཡོད་པའི་ཉ་མོ་སོགས་ཀྱི་སྲོག་བླུས་ཏེ། ཕྱིར་མཚོ་ནང་དུ་གཏོང་བའི་སྲོལ་ཡོད།  དེ་མིན་མཚོའི་ཞབས་ནི་ཀླུའི་གྲོང་ཁྱེར་ཡིན་ཞིང་། མཚོ་ནང་གི་སྦལ་གཅོང་སོགས་ཆུའི་སྲོག་ཆགས་ནི་ཀླུ་རིགས་ཡིན་པས་ཀླུ་ལ་གནོད་པ་གཏོང་མི་ཉན་པའི་ངག་རྒྱུན་མང་པོ་ཡོད། མཚོ་ལ་འབྲུ་རིགས་སྣ་ལྔ་དང་རིན་པོ་ཆེ་གསེར་དངུལ་གཡུ་བྱུར་སོགས་ཀླུ་སྨན་འདྲེས་པའི་གཏེར་བུམ་བཅུག་ན་ཀླུའི་རྒྱལ་བོས་ཕྱྭ་གཡང་དངོས་གྲུབ་གནང་བ་དང་། ཆར་ཆུ་དུས་སུ་འབེབས་པ། ཕྱུགས་ཀྱི་འཕེལ་ཁ་དར་བ། མི་ནོར་ལོངས་སྤྱོད་རྒྱས་པར་བཤད། ཉིས་སྟོང་དགུའི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཆེད་དུ་མཚོ་སྔོན་པོར་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ལས་ཁུངས་བཙུགས་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་དང་། གསེར་ཉ་སྲུང་སྐྱོབ་ཐད་འབད་པ་བླ་མེད་བྱེད་ཀྱིན་ཡོད་པར་མ་ཟད། ད་སྐབས་འདིར་མཚོ་སྔོན་པོའི་སྐྱེ་ཁམས་སླར་གསོ་བྱུང་ནས། མཚོ་ཆུ་རྒྱས་པ་དང་། འགྱིག་ཁུག་དང་གད་སྙིགས་གཙང་དག་བྱས་པ། མཚོ་མཐའི་བྱ་རིགས་དང་རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བ། ཉ་བདའ་འང་རིམ་གྱིས་ཇེ་ཉུང་དུ་སོང་ནས་མཚོ་སྔོན་པོའི་ལྗོངས་རྒྱུའི་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། དེ་བས་ང་ཚོས་རྒྱུན་མཐུད་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཆེད། ༼ མཚོ་སྔོན་པོ༽ཞེས་པའི་ལེ་ཚན་འདི་ལྟ་བུ་ཞིག་བསྒྲུབས་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྔར་ལས་ཀྱང་སྲུང་སྐྱོབ་དང་། སླར་གསོ་བྱས་ཏེ། རྒྱ་ཆེའི་མི་མང་མང་ཚོགས་ལ་མཚོ་སྔོན་པོའི་རིན་ཐང་ཤེས་སུ་འཇུག་པ་དང་། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། མཚོ་སྔོན་པོའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འདུན་པ་བཅས་སྔོག་འདོན་བྱ་ཆེད་ཡིན།   

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།