མཚོ་སྔོན་པོ་ངོ་སྤྲོད།
2017.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 90

 མཚོ་སྔོན་པོ་ནི་གནའ་དུས་སུ་ནུབ་མཚོ་ཞེས་འབོད་ལ། བོད་སྐད་དུ་མཚོ་སྔོན་པོའམ་མཚོ་ཆེན་ཁྲི་གཤོག་རྒྱལ་མོ་ནི་བོད་སྟོད་སྨད་བར་གསུམ་ལས་སྨད་ཨ་མདོ་ཙོང་ཁའི་ཡུལ་ཁམས་ཀྱི་སའི་ཆར་བཻཌཱུརྱའི་ཞུན་མའི་མདངས་ལྡན་འཆི་མེད་ལྷ་ཡི་ལམ་བཟང་ས་རུ་འཕོས་བ་བཞིན་ལྟ་བས་མཐའ་མི་དཔོག་པར་མེར་གྱིས་འཁྱིལ་ཡོད། མཚོ་སྔོན་པོ་ཞེས་ཐོགས་དོན་ནི་མཚོ་འདི་ཆགས་སའི་ཁོར་ཡུག་ལས་ཕལ་ཆེར་སྤང་རི་སྤང་ལྗོངས་ཀྱིས་བསྐོར་བས་ཆར་ཆུ་སོགས་ཅི་ལྟར་རྒོད་ཀྱང་རྙོག་པའི་དྲི་མས་མི་ཟིན་པར་ཟབ་ལ་དྭངས་པ་རྣམ་པ་ཐམས་ཅད་དུ་སྔོ་ཡུག་སེ་ཡོད་པའི་ཆ་ནས་མཚོ་སྔོན་པོ་ཞེས་བཏགས་པ་དང་། མཚོ་སྔོན་ཞིང་ཆེན་ཞེས་པའི་མིང་འདི་ཉིད་ཀྱང་མཚོ་སྔོན་པོར་བརྟེན་ནས་བྱུང་བ་ཡིན་པར་བརྗོད།

དེང་རབས་ས་ཁམས་ཚན་རིག་པ་དག་གིས་མཚོ་སྔོན་པོ་འདི་མི་ལོ་འབུམ་ཕྲག་མང་བོའི་གོང་རོལ་ནས་སྐམ་སའི་གཡོ་འགུལ་དང་འཕྲད་བཀྱེད་ཆད་རྡིབ་སོགས་ཀྱི་གོ་རིམ་ཁྲོད་དུ་ས་འོག་གི་ཆུ་གྱེན་དུ་བརྡོལ་ཅིང་། ཕྱོགས་ཀྱི་ཆུ་སྣ་མང་བོ་གཅིག་ཏུ་བབས་པ་ལས་བྱུང་བར་དཔྱད་ལ་སྐབས་དེའི་ཁྲི་གཤོག་རྒྱལ་མོ་ནི་ད་ལྟ་ང་ཚོའི་མཐོང་ལམ་གྱི་ཁྲི་གཤོག་རྒྱལ་མོ་འདིའི་གསུམ་ཆ་གཅིག་གིས་ཡངས་ལ་ཟབ་པར་སྨྲ། ཚན་རིག་པ་དང་ས་ཁམས་ཞིབ་འཇུག་ཆེད་ལས་སོགས་ཀྱིས་འོལ་ཚོད་ཀྱི་སྨྲ་བ་ཅི་ལྟར་སྤྲོས་ཀྱང་དོན་དངོས་སུ་མཚོ་འདིའི་ཆགས་ལུགས་དང་གནས་སྟངས་སོགས་གང་ཅིའི་ཐད་ནས་རང་རེའི་ལོ་རྒྱུས་དེབ་ཐེར་སྔོན་མ་དག་ལས་བཤད་པའི་བོད་ཡུལ་གྱི་ས་གཤིས་ཆགས་རིམ་གྱི་བྱུང་བརྗོད་དང་ཡུན་རིང་འཕོ་འགྱུར་གྱི་དགོངས་དོན་དག་ལས་མ་འདས་སོ།

མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་མཚོ་འདིའི་མཐའི་རིང་ཚད་ལ་སྤྱི་ལེ་སུམ་བརྒྱ་དང་དྲུག་ཅུ་ཡོད་པ་དང་ཤར་ནས་ནུབ་བར་དུ་སྤྱི་ལེ་བརྒྱ་དང་དྲུག ལྷོ་ནས་བྱང་གི་བར་དུ་སྤྱི་ལེ་དྲུག་ཅུ་རེ་གསུམ་ཡིན། ཆེས་ཟབ་སར་སྨི32.8དང་ཆ་སྙོམས་ཀྱི་ཟབ་ཚད་ལ་སྨི་བཅོ་བརྒྱད་ལྷག་ཡིན། ཆུ་སྣ་བརྒྱ་དང་སུམ་ཅུ་ཡས་མས་ཤིག་མཚོ་འདིར་འབབ་པར་བཤད་ལ། སྔོན་ཆད་མཚོ་ཆུ་བྲི་བའི་གནས་བབས་ལ་འགྱུར་བ་ཐེབས་ནས་ཉེ་ལམ་གྱི་ལོ་ཤས་རིང་ལ་མཚོ་རིམ་གྱིས་རྒྱས་བཞིན་ཡོད་པར་བཤད། ཁྲི་ཤོར་རྒྱལ་མོའི་ཕྱོགས་བཞིར་ཤར་ན་གཉན་ཆེན་ཞལ་དཀར། ལྷོ་ན་བློན་པོ་གསེར་ཆེན། ནུབ་ན་རྐང་ཚའི་རྫ་དམར། བྱང་ན་མོ་བློན་མཐོན་པོ་སྟེ་རི་ཆེན་བཞི་དང་མཚོ་མགོའི་གླིང་ཕྲན་དང་མཚོ་མཇུག་གི་མཚེར་བ་རི། འདྲེ་མོ་བྲག་དཀར། མཚོ་སྙིང་མ་ཧཱ་དེ་བ་བཅས་མཚོ་ལ་གླིང་ཕྲན་ཆེ་ཆུང་བཞི། ད་དུང་མཚོའི་བྱང་མཐའི་བྱེ་མ་དགྲ་ལྷའམ་བྱེ་མ་རྔ་རྡུང་གི་ཁོར་ཡུག་ཏུ་མཚོ་ཆུང་ཕྱུག་མོའམ་མཚོ་ཆུང་ནོར་བུ། མཚོ་རྣ་ལོང་། འབྲུག་མོའི་སླ་ང་། དགྲ་ལྷའི་མཚོ་ནག མཚོ་ལྗང་ཁྲ། མཚོ་ཏ་ལེན། མཚོ་མེ་ལོང་སོགས་མཚེའུ་མང་བོས་བསྐོར་ཡོད། མདོར་ན་ཡུལ་འདིའི་གླིང་ཕྲན་དང་མཚེའུ། རི་མཐོན་པོ་དང་གནས་འགང་ཆེན་སོགས་རེ་རེ་ལའང་ངོ་མཚར་བའི་གཏམ་རྒྱུད་དང་དངོས་བྱུང་གི་ལོ་རྒྱུས། སྐྱེས་ཆེན་གྱི་ལུང་བསྟན་དང་སྨྲ་བསམ་བརྗོད་འདས་ཀྱི་ཐུན་མོང་བའི་མཐོང་སྣང་སོགས་ཡུལ་འདིའི་སྣོད་བཅུད་ཀུན་ལ་མ་ཁྱབ་པ་མེད། ཁྲི་གཤོག་རྒྱལ་མོ་དང་དེའི་ཉེ་འཁོར་དུ་གདོད་མ་ནས་གནས་བཅོས་པའི་ཉ་རིགས་མང་བོ་དང་རི་དྭགས་སྣ་ཚོགས། གཞན་རྒྱལ་ཁབ་དང་གླིང་གླིང་ཕྲན་དུ་མ་ལས་ལོ་དུས་ལྟར་འཕུར་ཡོང་བའི་བྱ་རིགས་ཧ་ཅང་མང་བོ་འདུ་ཞིང་འཚོག་པ་སོགས་གནས་འདི་ནི་རི་སྐྱེས་ཁྲི་འབུམ་གྱི་གཞིས་ཁྱིམ་དང་འཛད་མེད་ལོངས་སྤྱོད་ཀྱི་བང་མཛོད་ཆེན་པོ་ལྟ་བུ་ཡིན་ཞིང་། འཛམ་གླིང་དང་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁ་ཤས་སྲུང་སྐྱོབ་ཀྱི་ཁོར་ཡུག་གལ་ཆེན་ཞིག་ཏུ་ཆགས་ཡོད།

 

མཚོ་སྔོན་པོའི་ལྗོངས་ཁུལ་དུ་གླང་ཆེན་མཆེ་བ་རི་དང་བྱ་གླིང་། བྱེ་གླིང་། ཀླུ་མོ་གཞུང་དང་བྱེ་མ་ལ་བདུན་སོགས་གནས་མཇལ་བའི་བློ་ཡུལ་འཕྲོག་ཐུབ་ཀྱང་ས་གནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་འཚམས་པའི་ཡུལ་སྐོར་ལྗོངས་ཁུལ་མང་པོ་ཡོད་ལ། དེ་དག་ལས་ལྗོངས་ཁུལ་ལ་ཤས་ཤིག་ད་ལྟ་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་འཛུགས་སྐྲུན་བྱེད་དང་བྱེད་མོས་ཡིན།