མཚོ་སྔོན་པོའི་བྱ་གླིང་ཡན་ལག་ཅུའུ་ཡིས་ལྗོངས་ཁུལ་དོ་དམ་བྱ་བའི་ཐད་བླངས་པའི་གྲུབ་འབྲས།
2017.03.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

 མཚོ་སྔོན་པོའི་བྱ་གླིང་ནི་རང་རྒྱལ་གྱི་མིང་དུ་གྲགས་པའི་ལྗོངས་རྒྱུའི་གནས་མཆོག་གྲས་ཀྱི་གཅིག་ཡིན། བྱ་གླིང་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ནུབ་ཕྱོགས་ནས་སྤྱི་ལེ་བརྒྱ་དང་སུམ་ཅུ་ཙམ་གྱི་སར་ཡོད། དེའི་རིང་ཚད་ལ་མུས་ལྔ་བརྒྱ་དང་ཞེང་ལ་མུས་བརྒྱ་དང་ལྔ་བཅུ་ཡོད་པར་མ་ཟད། དེའི་སྟེང་དུ་བྱ་རིགས་སྣ་ཚོགས་འབུམ་གཅིག་ལྷག་འཚོ་སྡོད་བྱས་ཡོད་པས། འདབ་ཆགས་ཀྱི་འཇིག་རྟེན་དང་འདབ་ཆགས་ཀྱི་ཞིང་ཁམས་ཞེས་ཡོངས་སུ་གྲགས་ཡོད། ཀྲུང་གོར་བྱ་གླིང་དུ་འབོད་པའི་གླིང་ཕྲན་ཧ་ཅང་མང་པོ་ཡོད་མོད། དེའི་ནང་ཆེས་མིང་གྲགས་ལྡན་པ་ནི་མཚོ་སྔོན་པོའི་བྱ་གླིང་རེད།

2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་ལོ་དང་པོ་ཡིན་ལ། མཚོ་སྔོན་པོ་ལྗོངས་ཁུལ་གྱི་རིམ་གྲས་འཕར་ཚད་ཇེ་མགྱོགས་སུ་སོང་བའི་གནད་འགག་གི་ལོ་དང་། མཚོ་སྔོན་པོ་ལྗོངས་ཁུལ་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བའི་ལོ་བཅས་ཡིན། ལོ་གཅིག་གི་རིང་ལ། ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་ཐེངས་དྲུག་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གནས་སྐོར་ལོ་དང་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལོའི་བྱ་འགུལ་ལ་སྐུལ་འདེད་བྱེད་པ་གཙོར་བཟུང་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་རྒྱ་བསྐྱེད་པ་དང་། ཤུགས་ཆེན་པོས་གནས་སྐོར་ཚོང་རའི་ཁོར་ཡུག་ལེགས་བཅོས་བྱས་ཏེ། ཕན་འབྲས་ཅུང་མངོན་གསལ་བླངས།

2015ལོའི་ཟླ་གསུམ་པར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི«མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་སོགས་ཐིན་དང་ཅུའུ་བཅུ་ཡི་འགན་འཁྲི་གཙོ་བོའི་སྒྲིག་གཞི་དང་མི་སྣའི་བཟོ་སྒྲིག་གཏན་འཁེལ་སྐོར་གྱི་བརྡ་ཐོ»ལྟར། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བྱ་གླིང་ཡན་ལག་ཅུའུ་བཙུགས་པ་དང་། བྱ་གླིང་ཡན་ལག་ཅུའུ་ཡི་འགན་འཁྲི་གཙོ་བོ་ནི་ཁོངས་གཏོགས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཆར་འགོད་འཛུགས་སྐྲུན་ལག་བསྟར། གནས་སྐོར་ཁོར་ཡུག་ལེགས་བཅོས་སོགས་ཕྱོགས་བསྡུས་ཁྲིམས་འཛིན་བྱ་བའི་འགན་འཁུར་དགོས་པ་དེ་ཡིན་ལ། མིག་སྔར་ཡན་ལག་ཅུའུ་ལ་བསྡོམས་པས་ལས་བྱེད་པ་བརྒྱད་ཡོད།

གོམ་གང་མདུན་སྤོས་སྒོས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གནས་སྐོར་ཚོང་རའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་སྐུལ་འདེད་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གནས་སྐོར་ལོ་དང་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལོའི་བྱ་འགུལ་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱེད་ཆེད། 2016ལོར་བྱ་གླིང་ཡན་ལག་ཅུའུ་ཡིས་སྒེར་གྱིས་གང་འདོད་དུ་ལམ་བཏོད་པ་དང་གང་འདོད་དུ་ལྗོངས་ཁུལ་ལས་པ། གང་འདོད་དུ་རས་གུར་ཕུབ་པ་སོགས་གནད་སར་བཟུང་ནས་བཅོས་སྐྱོང་ལེགས་སྒྲིག་བྱས་ཤིང་། མཉམ་འབྲེལ་ཁྲིམས་འཛིན་བྱ་བ་སྤེལ་པ་དང་བདག་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་བ་བརྒྱུད། ལྗོངས་ཁུལ་གྱི་གནས་སྐོར་ཚོང་རའི་སྒྲིག་ལམ་དང་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་།

བྱ་གླིང་ཡན་ལག་ཅུའུ་ཡིས་སློབ་སྦྱོང་ལ་ཤུགས་བསྣན་ཏེ། ལས་བྱེད་པ་དང་ལས་བཟོ་བའི་ལས་སྒོའི་བྱང་ཚད་དང་ནུས་པ་ཇེ་མཐོར་བཏང་ཞིང་། ཁྲིམས་འཛིན་བྱ་བ་སྤེལ་བར་རྨང་གཞི་ལེགས་པོ་བཏིང་། ལྗོངས་ཁུལ་གྱི་མཐུན་སྦྱོར་རོགས་ལས་བྱ་བར་ཤུགས་བསྣན་ཏེ། ལྗོངས་ཁུལ་གྱི་གནས་སྐོར་ཁོར་ཡུག་བཅོས་སྐྱོང་ལེགས་སྒྲིག་བྱས། གནས་སྐོར་པ་དང་མཚོ་བསྐོར་པ་རྣམས་ཀྱི་བདེ་འཇགས་དང་རླངས་འཁོར། འགྲིམ་འགྲུལ་གཞུང་ལམ། བཟའ་བཏུང་། ཚོང་རའི་འཛད་སྤྱོད་སོགས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཆེད། མཚོ་འཁྱིལ་ཞང་སྲིད་གཞུང་དང་རྐང་ཚ་རྫོང་གནས་སྐོར་ཅུའུ། རྫོང་འཕྲོད་བསྟེན་ལྟ་སྐུལ་ཁང་། མཚོ་འཁྱིལ་མངག་གཏོང་ཁང་། ཉྭ་ནག་སོ་མ་སྡེ་བ། ཡག་མོ་སྡེ་བ། ཆོས་རྗེ་སྡེ་བ་བཅས་ཀྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་གི་འགན་འཁུར་པ་གཙོ་བོ་དང་མཉམ་འབྲེལ་སྒོས་ཆེད་དོན་མཉམ་འབྲེལ་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། 315རྒྱལ་ལམ་དང་མཚོ་སྔོན་པོ་མཐའ་འཁོར་ནུབ་ལམ་ལམ་རྒྱུད་ཀྱི་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་བཅས་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱས་ཏེ། ཕན་འབྲས་མངོན་གསལ་བླངས། མཉམ་འབྲེལ་ཞིབ་བཤེར་བརྒྱུད་དེ། བསྡོམས་པས་སྒྲིག་ལམ་དང་འགལ་བའི་བདག་གཉེར་ཁྱིམ་ཚང་སུམ་ཅུ་དང་རས་གུར་གོ་དྲུག་ཐག་གཅོད་བྱས་པ་དང་། རས་གུར་ཕུབ་པ་ཚད་ལྡན་མིན་པའི་ཁྱིམ་ཚང་ཉེར་བརྒྱད་ལ་ཡུལ་དངོས་ནས་མཛུབ་སྟོན་བྱས་པར་མ་ཟད། བདག་གཉེར་ཁྱིམ་ཚང་རེ་རེའི་གཞི་རྩའི་གནས་ཚུལ་ཐོ་འགོད་བྱས་པ་དང་། «སྒོ་མདུན་གྱི་གཙང་སྦྲའི་འགན་ལེན་གསུམ་གྱི་འགན་འཁྲི་ཡི་གེ》དང《མེ་ཟོན་འགན་འཁྲི་ཡི་གེ》། 《ཟས་རིགས་བདེ་འཇགས་འགན་འཁྲི་ཡི་གེ»བཅས་བཀོད་པ་དང་། འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་དྲིལ་སྒྲོག་ཡིག་རིགས་སྣ་ཚོགས་སྟོང་གཅིག་ལྷག་བཀྲམ། མཐའ་འཁོར་གྱི་ཁོར་ཡུག་གཙང་སྦྲ་མི་ལེགས་པའི་བདག་གཉེར་ཁྱིམ་ཚང་སུམ་ཅུ་ལ་ཡུལ་དངོས་ནས་སློབ་གསོ་བཏང་།

རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་སྒོས་མཚོ་སྔོན་པོ་མཐའ་འཁོར་གྱི་ནུབ་ལམ་དང་ལྕགས་ལམ་ལམ་རྒྱུད། བྱ་གླིང་ལྗོངས་ཁུལ། ཀླུ་མོ་གཞོང་ལྗོངས་ཁུལ་སོགས་མཐའ་བསྐོར་གྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་གྲོས་སྡུར་བྱས་ཏེ། སྡེ་ཁག་སོ་སོར་ཐོག་མར་ཐུན་མོང་གི་ངོས་ཟིན་བྱུང་།

དོ་དམ་ཅུའུ་ཡིས་ད་རུང་རྐང་ཚ་རྫོང་སྲིད་གཞུང་དང་མཚོ་འཁྱིལ་ཞང་། ཅིར་མིན་ཞང་དང་མཉམ་འབྲེལ་བྱས་ཏེ། ཞང་གཉིས་ཀྱི་བཅའ་སྡོད་ལས་བྱེད་པ་དང་ཡན་ལག་ཅུའི་ལས་བྱེད་པ་སྐུལ་སློང་བྱས་ཏེ་སྡེ་བར་སོང་ནས། བདེ་འཇགས་དོགས་ཟོན་ཤེས་བྱ་དྲིལ་སྒྲོག་བྱས་ཤིང་། འབྲོག་པ་མང་ཚོགས་ལ་དུས་ཐོག་ཏུ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། དགུན་དུས་སུ་འབྲོག་པ་མང་ཚོགས་དང་གནས་སྐོར་པའི་རླངས་འཁོར་སྒེར་ངོས་ཀྱི་ཟོག་ལམ་བརྒྱུད་དེ་མཚོ་ཐོག་ཏུ་འགྲོ་བ་གཏན་འགོག་བྱས་ཏེ། གློ་བུར་གྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས། དེ་དང་མཉམ་དུ་ཞང་གཉིས་ཀྱི་སྲིད་གཞུང་ཡོད་ས་དང་བྱ་གླིང་ལྗོངས་ཁུལ། མཚོ་འགྲམ་གྱི་མགྲོན་ཁང་སོགས་ལ་མེ་ཟོན་སྒྲིག་ཆས་ཡོད་མེད་དང་གཙང་སྦྲ་བཟང་མིན་སོགས་ལ་ཞིབ་བཤེར་བྱས་ཏེ། གནད་དོན་ཡོད་པའི་མགྲོན་ཁང་གཅིག་ལ་སྲིད་འཛིན་གྱི་བསླབ་བྱ་གནང་། ཡན་ལག་ཅུའུ་ཡིས་རང་བྱུང་སྲུང་སྐྱོབ་ཅུའུ་དང་མཚོ་འཁྱིལ་ཞང་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་སྒོས་འབྲོག་པ་ཁྱིམ་ཚང་དུ་སོང་ནས«མཚོ་སྔོན་པོ་ལྗོངས་ཁུལ་གྱི་དོ་དམ་སྲོལ་ཡིག»དྲིལ་སྒྲོག་དང་འགྲེལ་བཤད་བྱས་པས། འབྲོག་པ་མང་ཚོགས་ཀྱི་རྒྱབ་སྐྱོར་གང་ལེགས་ཐོབ་པར་མ་ཟད། ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་།

མཚོ་སྔོན་པོའི་བྱ་གླིང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་བ་བསྟུན་ནས། མཚོ་འཁྱིལ་ཞང་གི་སྡེ་བ་གཅིག་གཉིས་ཤིག་གི་འབྲོག་པ་མང་ཚོགས་ཀྱིས315རྒྱལ་ལམ་ནས་བྱ་གླིང་མགྲོན་ཁང་དང་། བྱ་གླིང་མགྲོན་ཁང་ནས་ལྗོངས་ཁུལ་བར་གྱི་ལམ་རྒྱུད་དུ་མགྲོན་པོ་འགུག་ཐབས་བྱས་ཏེ། ལྗོངས་ཁུལ་གྱི་གནས་སྐོར་སྒྲིག་ལམ་ལ་གནོད་པ་བཟོས་བའི་བྱ་སྤྱོད་དག ཡན་ལག་ཅུའུ་ཡིས་དུས་ཐོག་ཏུ་རྐང་ཚ་རྫོང་སྲིད་གཞུང་དང་མཚོ་འཁྱིལ་ཞང་སྲིད་གཞུང་། ཉྭ་ནག་སོ་མ་སྡེ་བ་བཅས་ལ་ཡར་ཞུ་བྱས་ཏེ་མཉམ་དུ་བཅོས་སྐྱོང་བྱེད་ཐབས་གཏན་ཁེལ་བྱས་པས། མཚོ་སྔོན་པོའི་མཐའ་འཁོར་ནུབ་ལམ་དུ་གང་འདོད་དུ་རས་གུར་ཕུབ་པ་དང་ཁང་པ་ལས་པ། གནས་སྐོར་གྱི་ལམ་བཏོད་པ། གནས་སྐོར་འགུག་ཐབས་དང་དངུལ་ལེན་ཐབས་བྱེད་པ། ཁོར་ཡུག་གཙོག་པ་བཅས་ཀྱི་སྣང་ཚུལ་བཀག་འགོག་བྱས།

ཁྱོན་ཡོངས་ནས་ཁྲིམས་འཛིན་ཞིབ་བཤེར་དང་བཟོ་ཚོང་དོ་དམ་བྱ་བར་ཤུགས་བསྣན།

«ཟས་རིགས་བདེ་འཇགས་བཅའ་ཁྲིམས»ནང་གི་འབྲེལ་ཡོད་གཏན་ཁེལ་ལྟར། གནས་སྐོར་བྱེད་ས་དང་ཟས་རིགས་བརྡལ་འཚོང་བྱེད་ས་དམིགས་འབེན་གཙོ་བོར་བཟུང་ནས། ཟས་རིགས་བཙོང་མཁན་དང་ཟས་རིགས་ཀྱི་སྤུས་ཚད། ཟས་རིགས་གང་ནས་ནང་འདྲེན་བྱས་པ། ཟས་རིགས་ཀྱི་རིན་གོང་། འཚོང་མཁན་གྱི་གཙང་སྦྲ་སོགས་གནད་སར་བཞག་ནས་ཞིབ་བཤེར་བྱས། དུས་མཚུངས་སུ། ཞིང་ལས་རྒྱུ་ཆའི་ཚོང་རར་ཆེད་དུ་བཅོས་སྐྱོང་དང་། ཞིང་ལས་རྒྱུ་ཆ་རྫུན་མ་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་གཟའ་འཁོར་སོགས་ཀྱི་བྱ་འགུལ་སྤེལ། བྱ་འགུལ་སྤེལ་སྐབས་བསྡོམས་པས་ཁྲིམས་འཛིན་མི་སྣ་མི་ཐེངས་བརྒྱད་ཅུ་ལྷག་དང་རླངས་འཁོར་ཐེངས་སུམ་ཅུ་ལྷག་བཀོད་སྒྲིག་བྱས་ཤིང་། ཚོང་ཁང་དང་ཟ་ཁང་སོགས་ལ་ཞིབ་བཤེར་བྱས་ཚད་རིམ་བསགས་ཀྱིས་ཐེངས་དྲུག་ཅུར་བསླེབས། 3.15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཉིན་མོ་དང་ཟུང་འབྲེལ་བྱས་ཏེ་ཞིང་ལས་རྒྱུ་ཆའི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། ཞིང་ལས་རྒྱུ་ཆ་རྫུན་མ་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་ཡིག་རིགས་ལྔ་བརྒྱ་ལྷག་བཀྲམ་པ་དང་། མང་ཚོགས་མི་ཐེངས་དྲུག་བརྒྱ་ལྷག་ལ་སློབ་གསོ་ཐོབ་པར་མ་ཟད། ལྗོངས་ཁུལ་གྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་ལ་ཕན་ནུས་ལེགས་པོ་ཐོན། གཞན་ཡང་མཚོ་བཀག་ཉ་གསོ་བྱ་བར་ཤུགས་བསྣན་ཏེ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབས།

འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས། ལོ་ཧྲིལ་བོར་འཛད་སྤྱོད་པའི་ཞུ་གཏུག་གྱོད་གཞི་གཉིས་དང་ལེན་བྱས་ཏེ་ཐག་གཅོད་བྱས་པ་དང་། འཛད་སྤྱོད་པའི་དཔལ་འབྱོར་ཐད་ཀྱི་གྱོང་གུན་སྒོར་སྟོང་གཉིས་གསབ། གནས་སྐོར་པའི་ཁེ་དབང་ལ་གནོད་པ་མི་ཐེབས་པར་ཁག་ཐེག་བྱེད་ཆེད། བྱ་གླིང་ལྗོངས་ཁུལ་གྱི་ཟ་ཁང་དང་ཚོང་ཁང་སོ་སོར་ཞུ་གཏུག་ཁ་པར་བཙུགས་པ་དང་། བྱ་གླིང་ལྗོངས་ཁུལ་གྱི་སྒོ་ཁར་ཁེ་དབང་སྲུང་སྐྱོབ་ཀྱི་སྟེགས་བུ་ལས་ཏེ། ལྗོངས་ཁུལ་གྱི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས། དུས་མཚུངས་སུ། ཚོང་རྟགས་གསར་བའི་སྟེང་ཤུགས་བསྣན་ཏེ། བསྡོམས་པས་ཚོང་རྟགས་བཞི་གསར་གཏོད་བྱས་པ་དང་། ཚོང་རྟགས་གཅིག་ཐོ་འགོད་ཀྱི་བྱ་བ་ལེགས་འགྲུབ་བྱུང་།

བྱ་གླིང་ཡན་ལག་ཅུའུ2015ལོའི་ཟླ་གསུམ་པར་བཙུགས་པའི་ཚུན་ལ། ཧུར་ཐག་གིས་ས་གནས་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ། གང་འདོད་བཞི་ཡི་གནད་དོན་ཐག་གཅོད་དང་གནས་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་སྤེལ་བར་མ་ཟད། རྐང་ཚ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་འཁྱིལ་ཞང་སྲིད་གཞུང་དང་ཉྭ་ནག་སོ་མ་སྡེ་བ། དོ་དམ་ཅུའི་འབྲེལ་ཡོད་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཁྲིམས་འཛིན་ལག་བསྟར་བྱས་ཏེ། གནས་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་གྲུབ་འབྲས་ངེས་ཅན་བླངས། མིག་སྔའི་བར་དུ། བསྡོམས་པས་གང་འདོད་དུ་བཏོད་པའི་གནས་སྐོར་ལམ་བདུན་དང་གང་འདོད་དུ་ཕུབ་པའི་རས་གུར་བརྒྱད། གང་འདོད་དུ་བཙུགས་པའི་བརྡ་ཁྱབ་འགྲེམ་བྱང་དྲུག་བཅས་མེད་པར་བཟོས་པ་དང་། ཕྱོགས་བསྡུས་གཙང་སྦྲ་བཅོས་སྐྱོང་བྱ་འགུལ་ཐེངས་བཅུ་ལྷག་སྤེལ། ལྗོངས་ཁུལ་གྱི་རླངས་འཁོར་འཇོག་ས་ནས་འབྲོག་པ་མང་ཚོགས་ཀྱིས་གང་འདོད་དུ་རས་གུར་ཕུབ་པ་དང་། ཚོང་བཤམ་ས་ཉེར་གཅིག་ལས་ཡོད་པ་གཙང་བཤེར་བྱས་པའི་དུས་མཚུངས་སུ། རྐང་ཚ་རྫོང་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ་མ་དངུལ་སྒོར་འབུམ་གཅིག་ལྷག་བཏང་ཏེ། བྱ་གླིང་ལྗོངས་ཁུལ་གྱི་སྤྱི་ལེ་བཅུ་དྲུག་མཚམས་ཀྱི་ལམ་འགྲམ་གྱི་སྡོད་ཁང་ཉི་ཤུ་ལྷག་ཉམས་གསོ་བྱས་པ་དང་། རྐང་ཚ་རྫོང་གི་སྤོ་སྒུལ་ཀུང་ཟི་དང་མཚོ་འཁྱིལ་ཞང་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ། ལྗོངས་ཁུལ་གྱི་སྤྱི་ལེ་བཅུ་དྲུག་མཚམས་ཀྱི་གློག་སྡོང་དང་གློག་སྐུད་བསྒྱུར་བཀོད་བྱས།

བྱ་གླིང་ཡན་ལག་ཅུའུ་ཡིས་ལྗོངས་ཁུལ་དུ་སྒེར་གྱིས་གང་འདོད་དུ་ལྗོངས་རྒྱུ་བྱེད་ས་ལས་པ་དང་། གང་འདོད་དུ་ཁང་བ་ལས་པ་དང་རས་གུར་་ཕུབ་པ། གང་འདོད་དུ་བརྡ་ཁྱབ་འགྲེམ་བྱང་འཛུགས་པ། གང་འདོད་དུ་ལྗོངས་རྒྱུའི་ལམ་བཏོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཅི་ཐུབ་བྱས།

ལོ་གཅིག་གི་རིང་ལ། ཡག་ལག་ཅུའུ་ཡི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་བྱ་བའི་འགན་འཁྲི་དང་བྱ་བའི་དམིགས་འབེན་ལྟར་འབད་བརྩོན་ཆེན་པོ་བྱས་ཏེ། གྲུབ་འབྲས་ངེས་ཅན་བླངས་མོད། འོན་ཀྱང་དཀའ་ཁག་དང་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད། གཅིག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནོན་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། གཉིས་ནི་གནས་སྐོར་རྨང་གཞི་སྒྲིག་ཆས་ཞན་པས། སྣེ་ལེན་གྱི་ཆ་རྐྱེན་མི་འདང་བ། གསུམ་ནི་གནས་སྐོར་ཚོང་རའི་ཁོར་ཡུག་བཅོས་སྐྱོང་བྱེད་པར་དཀའ་ཁག་ཆེ་བ། བཞི་ནི་ལས་བྱེད་པ་དང་ལས་བཟོ་བའི་དོ་དམ་ཆུ་ཚད་དང་ཞབས་ཞུའི་ནུས་རྩལ་སྤྱི་ཡོངས་ནས་ཞན་པས། སྤྱི་ཡོངས་ཀྱི་བྱང་ཚད་ད་རུང་མཐོར་འདེགས་གཏོང་དགོས་པ། ལྔ་ནི་མི་སྣ་ཉུང་བས་བྱ་བ་སྒྲུབ་པར་དཀའ་ཁག་ཆེ་བ་བཅས་རེད།

རྗེས་ཕྱོགས་སུ། བྱ་གླིང་ཡན་ལག་ཅུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་ཐེངས་དྲུག་པའི་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ལྗོངས་ཁུལ་དོ་དམ་ཅུའི་བྱ་བ་གཙོ་བོར་དམ་པོར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་དོན་དང་པོ་རྒྱུན་འཁྱོངས་བྱེད་པ་དང་། འཆར་འགོད་འཛུགས་སྐྲུན་དང་གནས་སྐོར་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད་བྱེད་པ། རྒྱུན་མཐུད་སྒོས་གནས་སྐོར་ཚོང་རའི་ཁོར་ཡུག་བཅོས་སྐྱོང་བྱེད་པ། རྒྱུན་ཆད་མེད་པར་ཁྲིམས་སྐྱོང་ལྗོངས་ཁུལ་དང་བདེ་འཇགས་ལྗོངས་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ། ལྗོངས་ཁུལ་སྐྱོན་བྲལ་ཞིང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་རྒྱུ་ཡིན་པ་དང་། འགན་འཁྲིའི་བསམ་པ་མཐོན་པོ་དང་ལས་བཀུར་གྱི་སྙིང་སྟོབས་ཀྱིས་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་གནང་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་སྟོབས་ཤུགས་གང་ཡོད་འདོན་ངེས་རེད།


ལོ་ཙཱ་བ། སྒྲོལ་མ་སྐྱིད།