ཆུར་གནས་འདབ་ཆགས་ཁྲི་གསུམ་དང་སྟོང་བརྒྱད་ལྷག་མཚོ་སྔོན་པོར་ལྷན་འཛོམས་ཀྱིས་དཔྱིད་ཀྱི་དཔལ་མོ་བསུས།
2017.03.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 43

སྤྱི་ཟླ་གསུམ་པའི་ཚེས་ཉེར་གཉིས་ནས་ཚེས་ཉེར་བརྒྱད་བར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་དུས་ཡུན་གཟའ་འཁོར་གཅིག་རིང་གི་དཔྱིད་ཀའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱ་བ་འགོ་བརྩམས། མཚོ་སྔོན་པོའི་བྱ་གླིང་དང་ཆུ་ཁུག་བརླན་ས། འོམ་ཆུའི་བརླན་ས། ཆོན་རྗེའི་ཆུ་རྒྱུན་སོགས་ས་ཁུལ་བཅུ་དྲུག་ཏུ་བསྡོམས་པའི་བྱ་རིགས་མི་འདྲ་བ་བཅུ་དགུ་ལས་བྱ་ཁྲི་གསུམ་དང་སྟོང་བརྒྱད་ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་ཤིང་། ལོ་སྔོན་མའི་དུས་སྐབས་དང་བསྡུར་ན་ཆུར་གནས་འདབ་ཆགས་ཁྲི་གཅིག་དང་སྟོང་གསུམ་ལྷག་གིས་ཇེ་མང་དུ་སོང་འདུག

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་ལྟ་ཞིབ་ཚད་ལེན་བྱས་པའི་ཆུར་གནས་འདབ་ཆགས་ཁྲི་གསུམ་དང་སྟོང་བརྒྱད་ལྷག་ལས། ཅང་ཤེས་ཁུག་གི་ཉེ་འཁོར་དུ་འདུ་འཛོམས་བྱས་པའི་ཆུར་གནས་འདབ་ཆགས་ཁྲི་གཉིས་དང་སྟོང་དྲུག་ལ་ཉེ་བ་ཡོད་ཅིང་། མཚོ་སྔོན་པོར་གནས་སྤོ་འཚོ་སྡོད་བྱས་པའི་ཆུར་གནས་འདབ་ཆགས་རིགས་མི་འདྲ་བ་བཅུ་གཉིས་ལས་བྱ་སྟོང་ལྔར་ཉེ་བ་ཡོད། དགུན་དུས་བྱང་ཕྱོགས་སུ་འཚོ་གནས་མ་སྤར་བའི་གྲང་སྲེད་ངང་བ་བཞི་བརྒྱ་ལྷག་ཟིན་པ་དང་། དེ་སྔ་གསར་དུ་འཕུར་ཡོང་བའི་ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱ། སྐྱར་མོ་དང་སྐྱར་མོ་ཁམ་མགོ་བཅས་དྲོད་སྲེད་འདབ་ཆགས་རིགས་བཞིའི་བྱ་སྟོང་ལྔ་དང་དགུ་བརྒྱ་ལྷག་ཡོད། དེ་ལས་བསྡོམས་པའི་སོ་བྱ་སྟོང་གཉིས་བརྒྱ་དང་བརྒྱད། ཁྲུང་ཁྲུང་མགོ་ཁྲ་སྟོང་གསུམ་དང་ང་བདུན། སྐྱར་མོ་སུམ་བརྒྱ་བཅོ་ལྔ། སྐྱར་མོ་ཁམ་མགོ་བཞི་བརྒྱ་དང་ཉེར་བརྒྱད་ལ་ལྟ་ཞིབ་ཚད་ལེན་བྱས།

དུས་མཚུངས་སུ། ད་དུང་ཁྲུང་ཁྲུང་སྐེ་ནག་བཅོ་བརྒྱད་ལ་ལྟ་དཔྱད་ཚད་འཇལ་བྱས་པ་དང་། ལོ་སྔོན་མའི་དུས་སྐབས་དང་བསྡུར་ན་བྱ་བཅོ་ལྔའི་ཇེ་མང་དུ་སོང་འདུག་ལ། མཚོ་སྔོན་པོའི་རླབས་ཕྲེང་གི་རྩེད་དགོད་ཁྲོད་ན་འདབ་ཆགས་མང་པོས་ཀྱང་རང་རང་གི་འཕུར་ཡ་གཤོག་མཐུན་དང་ལྷན་དུ་དགའ་སྐྱིད་དཔལ་ལ་རོལ་བཞིན་གནས།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་བརྟད་དཔྱད་པ་ཧི་ཡོ་པང་གིས་བཤད་པ་ལྟར་ན། མིག་སྔར་མཚོ་སྔོན་པོའི་དར་ཁ་ལྷུང་བ་དང་བསྟུན་ནས་གྲང་སྲེད་ངང་བ་རྣམས་ཁ་གྱེས་མགོ་བརྩམས་པ་དང་། དྲོད་སྲེད་འདབ་ཆགས་མང་པོ་སླར་ཡང་ཕྱོགས་ཕྱོགས་ནས་འཕུར་ཡོང་སྟེ་མཚོ་མོར་འདུ་བཞིན་པའི་དུས་སྐབས་ཡིན། ཐེངས་འདིའི་ལྟ་ཞིབ་བྱ་བ་ནི་མཚོ་སྔོན་པོའི་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་དང་རང་བྱུང་ཐོན་ཁུངས་ཀྱི་ཁྱད་གཤིས་ལྟར་དཔྱིད་ཀའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ཐེངས་གཅིག་ཡིན་ལ། གཙོ་བོ་དཔྱིད་དུས་མཚོ་སྔོན་པོར་འདུ་བྲལ་གྱི་ཆུ་གནས་འདབ་ཆགས་རྣམས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཡིན།

ཧི་ཡོ་པང་གིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་ལྟ་ཞིབ་བྱ་བའི་གནས་ཚུལ་ལ་གཞིགས་ན། མིག་སྔར་ཆུར་གནས་འདབ་ཆགས་མང་པོ་ཆུ་མིག་དང་ཆབ་རོམ་ཞུ་བའི་མཚེའུ་འགྲམ། ཆུ་རྒྱུན་དང་བརླན་ས་བཅས་སུ་འདུས་སྡོད་བྱས་ཡོད་ཅིང་། ཆུར་གནས་འདབ་ཆགས་མང་ཤོས་ཤིག་ད་དུང་རིགས་རྒྱུད་སྤེལ་ཡ་འཚོལ་བར་བྲེལ་བཞིན་གནས་མོད། འོན་ཀྱང་སོ་བྱ་སྟོང་དང་སུམ་བརྒྱ་ལྷག་གིས་གླིང་ཕྲན་ཐོག་ཏུ་བྱ་ཚང་བཟོ་བར་རྩོམ་བཞིན་མཆིས།

དུས་ད་ལྟ་ནས་ཟླ་ལྔ་བའི་ཟླ་མགོའི་བར་ནི་ལོ་འཁོར་གཅིག་གི་ནང་མཚོ་སྔོན་པོའི་ཆུར་གནས་འདབ་ཆགས་རྣམས་དཔྱིད་དུས་གནས་སྤོ་བའི་དུས་མཚམས་འགངས་ཆེན་ཞིག་ཡིན་ལ། དུས་མཚམས་འདིའི་ནང་དུ་ཆུར་གནས་འདབ་ཆགས་བགྲང་གིས་མ་ལངས་བ་མཚོ་སྔོན་པོར་ཚོ་སྡོད་བྱས་ཡོད་པས། རང་བྱུང་འཆམ་མཐུན་གྱི་མཛེས་ལྗོངས་རྣམ་པར་བཀྲ་ཞིང་། ཕྱོགས་བཞིའི་ཡུལ་སྐོར་བའི་འདུ་འཛི་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན།