《མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད》བཤུས་སྒྲིག
2017.04.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 33

2015ལོའི་ཟླ་བཅུ་གཉིས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་སྟེ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས«མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད »(2015ལོ་ནས2025ལོ)ལ་ཆོག་མཆན་བཀོད། སྤྱིའི་ཇུས་འགོད་འདིས་མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་ཇུས་འགོད་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཡུལ་དང་ཇུས་འགོད་དུས་བཅད། ཇུས་འགོད་རྒྱ་ཁྱོན། ཁྱབ་ཁོངས་སམ་ཚད་བཀག་འཛུགས་སྐྲུན་ཁྱབ་ཁོངས་སོགས་ཀྱི་ནང་དོན་གཏན་འབེབས་གསལ་བོ་བྱས་ཡོད། དེ་ནི་མཛེས་ལྗོངས་གྲགས་ཅན་ཁུལ་སྲུང་སྐྱོབ་དང་བེད་སྤྱོད། དོ་དམ་བཅས་ལ་མཛུབ་སྟོན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པར་མ་ཟད། བཅའ་ཁྲིམས་ཀྱི་ནུས་པའང་ལྡན། སྤྱིའི་ཇུས་འགོད་ཀྱི་ཆ་ཤས་ནང་དོན་དེའི་བཤུས་སྒྲིག་ནི་གཤམ་གསལ་ལྟར། འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་ནན་ཏན་སྒོས་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ་བརྩི་སྲུང་ནན་མོ་བྱེད་དགོས།

གཅིག «མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད»ཀྱི་སྤྱིའི་དམིགས་ཡུལ།

མཚོ་སྔོན་པོའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་མ་ལག རིག་གནས་ཐོན་ཁུངས་བཅས་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ། མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་རྒྱལ་སྤྱིའི་ཅན་དང་སྐྱེ་ཁམས་གསོ་སྐྱོང་ལྡན་པ། ཁྱད་ཆོས་ལྡན་པའི་ལྟ་སྐོར། རིག་གནས་ཉམས་ལེན། རི་འཛེག་ལུས་རྩལ། སྐྱེ་ཁམས་སྤྲོ་གསེང་། ཚན་རིག་ཞིབ་འཇུག་སོགས་ནུས་པ་ལྡན་པའི་མཐོ་སྒང་མཚེའུ་སྐྱེ་ཁམས་ཡུལ་སྐོར་གྱི་མཛེས་ལྗོངས་གྲགས་ཅན་ཞིག་འཛུགས་དགོས་པར་མ་ཟད། རྒྱལ་ཁའི་ངང་འཛམ་གླིང་ཤུལ་བཞག་མིང་ཐོའི་སྟེང་དུ་འགོད་ཐུབ་པར་བྱེད་དགོས།

གཉིས། «མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད»ཀྱི་ཇུས་འགོད་དུས་བཅད།

ཇུས་འགོད་དུས་བཅད་ནི2015ལོ་ནས2025ལོའི་བར་ཡིན། དེའི་ནང་གི2015ལོ་ནས2020ལོའི་བར་ནི་མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་བཅོས་སྐྱོང་དང་ཇུས་འགོད་འཛུགས་སྐྲུན་བྱེད་པའི་དུས་རིམ་ཡིན། རྗེས་མའི་ལོ2021ལོ་ནས2025ལོའི་བར་ནི་མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་མཐོར་འདེགས་གཏོང་བའི་འཛུགས་སྐྲུན་གྱི་དུས་རིམ་ཡིན།

གསུམ། «མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད»ཀྱི་ཇུས་འགོད་རྒྱ་ཁྱོན་དང་ཁྱབ་ཁོངས།

མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་མཚོ་བྱང་ཁུལ་གཉིས་སུ་འབྲེལ་ཡོད་པར་མ་ཟད། གུང་ཧོ་དང་རྐང་ཚ། ཧེ་ཡན་བཅས་རྫོང་གསུམ་ལའང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བརྒྱད་དང་དགུ་བརྒྱ་དོན་བདུན་ལྷག་ཡོད་པ་དང་། ཇུས་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བདུན་དང་ལྔ་བརྒྱ་དོན་བདུན་ལྷག་ཡོད། ཁྱབ་ཁོངས་ནི་ཤར་ཕྱོགས་ནས་ཉི་ཟླ་རི་བོའི་ཁིས་ཐོས་ཉག་ག་བརྒྱུད་དེ་ཉི་ཟླ་རི་བོའི་རི་སྐེད་ནས་ལུང་མདོ་བར་ཡིན། ལྷོ་ཕྱོགས་ནས་ཉི་ཟླ་རི་བོའི་ལུང་མདོའི་109རྒྱལ་ལམ་བརྒྱུད་དེ་རིག་སྨོན་ནས་ཞིང་ཆེན་གཞུང་ལམ214ཏཱ་ཧ་མུའུ་ཧིའི་ལུང་མདོ་བར་ཡིན་པ་དང་། མཚོ་སྔོན་ལྷོ་རིའི་ལུང་མདོ་ནས་ཤྭ་ལ་རི་རྒན་བར་ཡིན། ནུབ་ཕྱོགས་ནས་ཤྭ་ལ་རི་རྒན་བརྒྱུད་དེ་རིག་མོའི་རི་སྐེད་ནས་སྐྱིད་སྨོན་ལ་ཐོན་ཐུབ། བྱང་ཕྱོགས་ནི་སྐྱིད་སྨོན་གྱི315རྒྱལ་ལམ་བརྒྱུད་དེ་ཆུ་ཁོལ་ལམ་མདོ་ནས315རྒྱལ་ལམ་རྙིང་བའི་བར་ཡིན། 315རྒྱལ་ལམ་རྙིང་བ་ནས་ཉི་ཟླ་རི་བོའི་ཁིས་ཐོས་ཉག་ག་བར་ཡིན།

བཞི། «མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད»ཀྱི་ཐོན་ཁུངས་སྲུང་སྐྱོབ།

མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་དུ་གཅེས་སྤྲས་བདག་འཛིན་དང་འཇིགས་ ལ་ཉེ་བའི་སྐྱེ་དངོས་རིགས་དང་། སྐྱེ་དངོས་ཚོམ་བུ། སྐྱེ་ཁམས་མ་ལག མཛེས་ལྗོངས་ལྟ་སྐོར། རང་བྱུང་བརྒྱུད་རིམ་དང་དམིགས་བསལ་གྱི་བརླན་སའི་རིགས་མོད་པོ་ཡོད་པས། མཚོ་སྔོན་པོའི་ཆུ་གཟུགས་ཀྱི་ཁོར་ཡུག་གཙོ་གནད་དུ་བཟུང་སྟེ། གཟབ་ནན་སྒོས་འཛུགས་སྐྲུན་ཁྱབ་ཁོངས་བཀག་འགོག་(རིམ་པ་དང་པོའི་སྲུང་སྐྱོལ་ས་ཁུལ)དང་། གཟབ་ནན་སྒོས་འཛུགས་སྐྲུན་ཁྱབ་ཁོངས་ཚོད་འཛིན་བྱེད་པ(རིམ་པ་གཉིས་པའི་སྲུང་སྐྱོབ་ས་ཁུལ)དང་འཛུགས་སྐྲུན་ཁྱབ་ཁོངས་ཚོད་འཛིན་བྱེད་པའི་(རིམ་པ་གསུམ་པའི་སྲུང་སྐྱོབ་ས་ཁུལ)བྱེད་ཐབས་རིམ་པ་བགར་ནས་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། དོན་དངོས་ལྟར་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་སྲུང་འཛིན་བྱེད་དགོས།

གཟབ་ནན་སྒོས་འཛུགས་སྐྲུན་ཁྱབ་ཁོངས་བཀག་འགོག་བྱེད་པ། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་ཆུ་གཟུགས་དང་། མཚོ་སྐོར་ལམ་ནས་མཚོ་སྔོན་པོའི་ཆུའི་གཤེར་གཟུགས་ཕན་ཚུན་བར་གྱི་ས་ཁོངས་མང་ཆེ་བའམ་མཚོ་ཁའི་འཇུག་སྒོ་བར་དུ ། གསར་སྐྲུན་དང་འཛུགས་སྐྲུན་རྒྱ་བསྐྱེད་པ། བསྐྱར་བཟོའམ་སྲུང་སྐྱོབ་ལྗོངས་ཁུལ་དང་འབྲེལ་མེད་ཀྱི་འཛུགས་སྐྲུན་དངོས་པོ། བཟོ་བཀོད་དངོས་པོ་དང་སྒྲིག་ཆས་སོགས་འཛུགས་སྐྲུན་བྱེད་པར་བཀག་འགོག་བྱེད་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རེ་བ་ལྟར་གཏན་སྡོད་སྡོད་དམངས་རིམ་གྱིས་གནས་སྤོར་དགོས།
གཟབ་ནན་སྒོས་འཛུགས་སྐྲུན་ཁྱབ་ཁོངས་ཚོད་འཛིན་བྱེད་པ། མཚོ་སྔོན་པོའི་མཚོ་སྐོར་ལམ་ཕྱི་སྐོར་གྱི་རང་བྱུང་རྩྭ་ས་དང་རི་རྒྱུད་བར་དུ། གཙོ་བོ་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་ལྟ་སྐོར་སླར་གསོ་བྱེད་པ་དང་། སྐྱེ་དངོས་སྣ་འཛོམས་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ་གཟབ་ནན་སྒོས་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་གྲངས་དང་ཐོན་སྐྱེད་རྒྱ་ཁྱོན་ལ་ཚོད་འཛིན་བྱེད་དགོས་པར་མ་ཟད། ཚད་དང་ལྡན་པའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་དང་ཞིང་སྡེའི་ཡུལ་སྐོར། མཛེས་ལྗོངས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས་ཤིང་། གཟབ་ནན་སྒོས་གསར་དུ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དང་གྲོང་རྡལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་མཐའ་མཚམས་ཚོད་འཛིན་བྱེད་པ་དང་། འོས་མཐུན་གྱི་ཇུས་འགོད་ལྟར་དགོས་ངེས་ཀྱི་སྤྲོ་གསེང་ལྟ་སྐོར་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས།

འཛུགས་སྐྲུན་ཁྱབ་ཁོངས་ཚོད་འཛིན་བྱེད་པ། ནང་གསེས་སུ་གླང་ཆེན་མཆེ་བའི་ལྗོངས་ཁུལ་དང་། བྱ་གླིང་ལྗོངས་ཁུལ། བྱེ་གླིང་ལྗོངས་ཁུལ། ཀླུ་མོ་གཞོངས་ལྗོངས་ཁུལ། ཞིང་ཕྱུགས་ལས་འཕེལ་རྒྱས་ས་ཁུལ་དང་གྲོང་རྡལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཚོད་འཛིན་ས་ཁུལ་བཅས་ཡོད། ས་ཁུལ་དེ་ལྗོངས་ཁུལ་རིགས་མང་པོས་བསྐོར་ཡོད་པ་དང་ལྗོངས་རྒྱུ་འཛུགས་སྐྲུན་ཞབས་ཞུའི་སྒྲིག་ཆས་ཆ་ཚང་བསྒྲིགས་ཡོད་ཅིང་། གཟབ་ནན་སྒོས་འཛུགས་སྐྲུན་ཁྱབ་ཁོངས་དང་འཛུགས་སྐྲུན་རྒྱ་ཁྱོན། འཛུགས་སྐྲུན་ནང་དོན་དང་བཟོ་བཀོད་རྣམ་པ་ཚོད་འཛིན་བྱེད་དགོས།
རྩྭ་ས་སློག་པར་བཀག་འགོག་བྱས་ཏེ་གྲོང་རྡལ་འཛུགས་སྐྲུན་དང་། ཐོན་སྐྱེད་འཛུགས་སྐྲུན། མཛེས་ལྗོངས་འཛུགས་སྐྲུན་བཅས་ངེས་པར་དུ་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས། འཛུགས་སྐྲུན་ལས་གཞི་ནི་གཟབ་ནན་སྒོས་མཛེས་ལྗོངས་གྲགས་ཅན་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཇུས་འགོད་སོགས་ཀྱི་ཁྲིམས་བཀོད་ཞིབ་བཤེར་ཆོག་མཆན་གོ་རིམ་བརྒྱུད་དེ་ལག་བསྟར་བྱེད་དགོས་པར་མ་ཟད། མཐའ་འཁོར་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་མཛེས་ལྗོངས་ལྟ་སྐོར་གྱི་རྣམ་པ་གཉིས་ཕན་ཚུན་དོ་མཉམ་དུ་འཇོག་དགོས།

ལྔ། «མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད»ཀྱི་གྲུབ་ཚུལ་གཙོ་བོ།

མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་ཇུས་འགོད་ལ་དབྱེ་ན། “མཚོ་སྐོར་འགྲིམ་འགྲུལ་སྐོར་ལམ་གཅིག་དང་མཛེས་ལྗོངས་ལྟ་སྐོར་ས་ཆ་གསུམ། ལྗོངས་ཁུལ་དྲུག”བཅས་ཀྱི་བྱེད་ནུས་རྩ་འཛུགས་གྲུབ་ཚུལ་ཡོད།

མཚོ་སྐོར་འགྲིམ་འགྲུལ་སྐོར་ལམ་གཅིག རྒྱལ་ལམ315དང109དང་། མཚོ་སྐོར་ཤར་ལམ། མཚོ་སྐོར་ནུབ་ལམ་བཅས་ཀྱིས་གྲུབ་པའི་མཚོ་སྐོར་འགྲིམ་འགྲུལ་སྐོར་ལམ་ནི། བྱང་ཕྱོགས་ཀྱི་རྒྱ་ལམ315ཡི་ལམ་ཐིག་དང་(ཟི་ལིང་ནས་ཁ་ཧྲུས)མཚོ་སྐོར་ནུབ་ལམ་དང་ལྷོ་ཕྱོགས་ཀྱི་རྒྱལ་ལམ109ཡི་ལམ་ཐིག(ཟི་ལིང་ནས་ལྷ་ས)མཚོ་སྐོར་ཤར་ལམ་དེ་ཐད་ཀར་རིམ་པ་དང་པོའི་ལྗོངས་ཁུལ་དྲུག་ལ་འཐེན་ཡོད་པ་དང་རིང་ཐུང་ལ་སྟོང་རྨི360ཡོད།

མཛེས་ལྗོངས་ལྟ་སྐོར་ས་ཆ་གསུམ། གཅིག་ནི་ཆུ་གཟུགས་སྲུང་སྐྱོབ་ས་ཆ(ནང་སྐོར་རིམ་པ)སྟེ་མཚོ་སྔོན་པོའི་ཆུ་གཟུགས་ཡིན། གཉིས་ནི་སྐྱེ་ཁམས་སྲུང་སྐྱོབ་ས་ཆ་སྟེ(དཀྱིལ་སྐོར་རིམ་པ)རྒྱལ་ལམ315དང109དང་མཚོ་སྐོར་ཤར་ལམ། མཚོ་སྐོར་ནུབ་ལམ་བཅས་ཀྱིས་གྲུབ་པའི་འགྲིམ་འགྲུལ་ལམ་ཐིག་ནས་མཚོ་སྔོན་པོའི་ཆུ་གཟུགས་བར་དུ་ཡིན། གསུམ་ནི་མཛེས་ལྗོངས་ལྟ་སྐོར་ས་ཆ་སྟེ་(ཕྱི་སྐོར་རིམ་པ)གཙོ་བོ་ལྗོངས་ཁུལ་ཁག་གི་མཐའ་འཁོར་དུ་གཅིག་བསྡུས་བྱས་ཏེ་ཡུལ་སྐོར་ལས་རིགས་ལ་ཞབས་ཞུ་བྱེད་ཆེད་ཡིན།

ལྗོངས་ཁུལ་དྲུག ལྗོངས་ཁུལ་དྲུག་ལ་དབྱེ་ན་མཚོ་སྔོན་པོའི་ཆུ་གཟུགས་ལྗོངས་ཁུལ་དང་གླང་ཆེན་མཆེ་བའི(151)ལྗོངས་ཁུལ། བྱ་གླིང་ལྗོངས་ཁུལ། བྱེ་གླིང་ལྗོངས་ཁུལ། ཀླུ་མོ་གཞོངས་ལྗོངས་ཁུལ་དང་ཉི་ཟླ་རི་བོའི་ལྗོངས་ཁུལ་སོགས་ཡོད་པའི་ལྗོངས་རྒྱུ་མཛེས་ལྗོངས་བྱེད་ནུས་ས་ཆ་ཡིན།

དྲུག «མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད»ཀྱི་ཉེ་ལམ་ལག་བསྟར་གཙོ་གནད།

(1)མཚོ་སྔོན་པོའི་ལྗོངས་ཁུལ་ནང་གི་ཆུ་ལམ་དང་ཆུ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུལས་སྣོན་བྱེད་པ་དང་། ལྗོངས་ཁུལ་ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོབ་ལ་གཟབ་ནན་བྱེད་པ། མཛེས་ལྗོངས་གྲགས་ཅན་ཁུལ་གྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་མགོ་རྩོམ་དགོས། རི་སྐྱེས་སྲོག་ཆགས་འཚོ་སའི་གནས་དང་མཚོ་སྔོན་པོའི་མཚོ་ཁུལ། དར་གོས་ཚོང་ལམ་གྱི་ལྷོ་རྒྱུད། ཐང་བོད་བཤུལ་ལམ་སོགས་ཁྱད་ཆོས་ལྡན་པའི་རང་བྱུང་དང་རིག་གནས་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས། མཚོ་སྔོན་པོའི་རང་བྱུང་ཤུལ་བཞག་གམ་རང་བྱུང་དང་རིག་གནས་ཤུལ་བཞག་གཉིས་ཀའི་སྙན་ཞུའི་བྱ་བར་སྐུལ་འདེད་བྱེད་དགོས།

(2)རྨོ་སྐྱུར་ཕྱུགས་སྐྱུར་རྩྭ་འདེབས་བྱ་བ་ལེགས་པོར་བསྒྲུབ་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་བྱེད་ཐབས་གོ་རིམ་ལྡན་པའི་སྒོ་ནས་བསྒྱུར་བཅོས་ལ་སྣེ་ཁྲིད་པ། ཞིང་སྡེའི་ཞིང་ཕྱུགས་ཉམས་ལེན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། ལྗོངས་ཁུལ་འཛུགས་སྐྲུན་གྱི་རེ་བ་ལྟར་རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་བཀོད་སྒྲིག་སོ་སོར་ལེགས་སྒྲིག་བྱེད་པ་དང་། བཅའ་ཁྲིམས་སྒྲིག་སྲོལ་ལྟར་སྐྱེ་ཁམས་གནས་སྤོར་ཡུལ་མིའི་གནས་སྤོར་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བྱེད་དགོས།

(3)རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་བཀག་སྡོམ་བཟོ་སྐྲུན་ལག་བསྟར་བྱེད་མགོ་རྩོམ་པ་དང་། འགྲིམ་འགྲུལ་གཞུང་ལམ་དང་རྨང་གཞི་སྒྲིག་ཆས། ལྗོངས་རྒྱུ་ཞབས་ཞུའི་སྒྲིག་ཆས། སྐྱེ་ཁམས་སྲུང་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱེད་དགོས། རྒྱལ་ལམ109ཡི་ལམ་ཐིག་བཅོས་སྒྱུར་བྱེད་པ་དང་། ལྗོངས་རྒྱུའི་ཞབས་ཞུའི་རྟེན་གཞི་དང་ལྗོངས་རྒྱུའི་ཞབས་ཞུ་ལྟེ་གནས་ཀྱི་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས།

(4)མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་ཇུས་འགོད་ལྟར། མཚོ་སྔོན་པོའི་ཆུ་གཟུགས་ལྗོངས་ཁུལ་དང་གླང་ཆེན་མཆེ་བ། བྱ་གླིང་། བྱེ་གླིང་། ཀླུ་མོ་གཞོངས། ཉི་ཟླ་རི་བོའི་ལྗོངས་ཁུལ་སོགས་ཀྱི་སྤྲོ་གསེང་ལྟ་སྐོར་ཁུལ་གཙོ་བོ་དག་གི་ཞིབ་ཕྲའི་ཇུས་འགོད་ལ་བཀོད་སྒྲིག་བྱེད་དགོས།

(5)མཛེས་ལྗོངས་གྲགས་ཅན་ཁུལ་གྱི་རིག་རྫས་སྲུང་སྐྱོབ་ལས་ཁུངས་ཀྱི་གནའ་རྫས་རྟོག་དཔྱོད་དང་འགོག་སྲུང་། ལྟ་སྐུལ་དོ་དམ་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མཛེས་ལྗོངས་ཁུལ་ལྟ་སྐུལ་དོ་དམ་ཆ་འཕྲིན་མ་ལག་དང་མེ་འགོག་ལྟ་ཞིབ་མ་ལག་སོགས་འཛུགས་སྐྲུན་ཆ་ཚང་དུ་གཏོང་དགོས་པར་མ་ཟད། ཕྱོགས་ཡོངས་ནས་གྲངས་ཚད་མཚོ་སྔོན་པོ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།

                                                                                                   མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། 
                                                                                                    མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་ནས། 
                                                                                                              2016ལོའི་ཟླ་གསུམ་པའི་ཚེས་དགུ་ཉིན།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།