མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་མཚོ་ཆུང་སྡེ་བ་དེ་མི་རིགས་མཐུན་སྒྲིལ་གྱི་སྡེ་བ་ཆེན་པོ་ཞིག་ཏུ་འགྱུར་བར་ཤུགས་སྣོན་བྱས།
2017.04.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

མཚོ་སྔོན་ཞིང་ཆེན་ནི་ནུབ་བྱང་གི་དར་རྒྱས་མིན་པའི་ས་ཁུལ་གྱི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ཞིང་ཆེན་ཞིག་ཡིན་ཞིང་། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་བཀོད་སྒྲིག་ལྟར། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་བསྒྱུར་བ་བཞི་ཡི་བླང་བྱ་ལྟར་དུ། ཧུར་ཐག་གིས་མཚོ་བྱང་ཁུལ་ཧེ་ཡོན་རྫོང་ཝ་འཇོག་ཞང་གི་མཚོ་ཆུང་སྡེ་བ་དེ་མི་རིགས་མཐུན་སྒྲིལ་གྱི་སྡེ་བ་ཆེན་པོ་ཞིག་ཏུ་འགྱུར་བར་སྐུལ་འདེད་བྱས།

མཚོ་ཆུང་སྡེ་བ་ནི་ཧེ་ཡན་རྫོང་གི་ནུབ་བྱང་ཕྱོགས་སུ་ཡོད་ལ། བོད་རིགས་དང་རྒྱ་རིགས། སོག་རིགས། ཧོར་རིགས། ཧོས་རིགས་བཅས་མི་རིགས་ལྔ་འདུས་སྡོད་བྱས་ཡོད། སྡེ་བ་དེར་བསྡོམས་པས་རོང་འབྲོག་ཁྱིམ་ཚང་ཉིས་བརྒྱ་གོ་གཉིས་དང་མི་བརྒྱད་བརྒྱ་དང་གོ་དགུ་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གྱ་གསུམ་ཟིན་ཡོད། སྡེ་བ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་གཉིས་ཆའི་གཅིག་ཟིན་ཡོད་པས། དབུལ་ཕོངས་ཀྱི་ཚད་མཐོ། རོང་འབྲོག་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་བ་དང་། ངལ་རྩོལ་ནུས་རྩལ་ཞན་པ། བསམ་བློ་བལྟོས་བཅོས་ཀྱིས་རྗེས་ལུས་ཡིན་པས། དབུལ་སྐྱོར་གྱི་ལས་འགན་ཧ་ཅང་ལྕི། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་སྡེ་བ་དེར་མངག་རྗེས། མྱུར་དུ་ཁྱིམ་ཚང་རེ་རེའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། བྱ་བའི་བསམ་ཕྱོགས་བཏོན།

དོ་དམ་ཅུའི་ཏང་རྩ་འཛུགས་ཀྱི་རོགས་སྐྱོར་འོག ཤུགས་ཆེན་པོས་གཅིག་གིས་གཉིས་ལ་རོགས་སྐྱོར་དང་། གཅིག་གིས་གཅིག་ལ་རོགས་སྐྱོར། མང་པོས་གཅིག་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཏང་ཡོན་ལས་བྱེད་པས་གྲོགས་བསྒྲིགས་ནས་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ་དང་། དོ་དམ་ཅུའི་མགོ་ཁྲིད་པ་དང་མཚོ་སྔོན་པོའི་ལྗོངས་རྒྱུ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་མགོ་ཁྲིད་པ་གཙོ་བོས་ཁྱིམ་ཚང་གཉིས་ལ་རོགས་སྐྱོར་དང་། ཁྲུའུ་རིམ་པའི་ལས་བྱེད་པ་ཉེར་བརྒྱད་ཀྱིས་མི་རེས་ཁྱིམ་ཚང་གཅིག་ལ་རོགས་སྐྱོར་བྱེད་པ། ཏང་ཡོན་བཞི་བཅུ་དང་སྤྱིར་བཏང་གི་ལས་བྱེད་པ་གཉིས་དང་བཞི་ཡིས་ཁྱིམ་ཚང་གཅིག་ལ་རོགས་སྐྱོར་བྱེད་པ། དོ་དམ་ཅུའུ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དོན་བཞི་ཡིས་བསྡོམས་པས་སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ང་བརྒྱད་ལ་རོགས་སྐྱོར་བྱས། མིག་སྔའི་བར་དུ་རིམ་བསགས་ཀྱིས་དབུལ་ཕོངས་ཁྱིམ་ཚང་ང་བརྒྱད་ལ་མ་དངུལ་སྒོར་འབུམ་གཅིག་ཁྲི་གཉིས་ལྷག་གི་ཕྱེ་དང་འབྲས། གཡིས། སྒོར་མོ་སོགས་བྱིན།
མཚོ་ཆུང་སྡེ་བ་དེ་མཚོ་སྔོན་པོའི་བྱང་འགྲམ་དུ་ཆགས་ཡོད་ལ། དེའི་ཁར་མཚོ་བོད་ལྕགས་ལམ་དང་། 315རྒྱལ་ལམ། 204ཞིང་ཆེན་གྱི་ལམ་སོགས་སྡེ་བ་དེར་ཐོན་ཡོད་པས། འགྲིམ་འགྲུལ་གྱི་སྟབས་ཧ་ཅང་བདེ། མཚོ་ཆུང་སྡེ་བའི་ཡུལ་བབ་དང་བསྟུན་ནས་ཐབས་ཇུས་ལག་བསྟར་བྱས་ཏེ་དབུལ་སྐྱོར་བྱ་བར་ཤུགས་སྣོན་བྱས།

གནས་སྐོར་དབུལ་སྐྱོར་བྱ་བ་སྤེལ་ཏེ་མི་ཚང་མ་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་ཁྲོད་ཞུགས་པར་རོགས་རམ་བྱས།

མཚོ་ཆུང་སྡེ་བའི་གནའ་མཁར་དེ་མཚོ་སྐོར་གནས་སྐོར་ལྗོངས་ཁུལ་དུ་བརྩི་བ་དང་། མཚོ་སྐོར་མི་ཚུལ་གནས་སྐོར་ལྗོངས་རྒྱུའི་འཆར་འགོད་ཁྲོད་བཞག མཚོ་ཆུང་སྡེ་བའི་གནའ་མཁར་དང་། ཆོས་དབྱངས་སྐྱིད་ཀྱི་ཕ་ཡུལ། མཚོ་སྔོན་པོའི་དགུང་ཁའི་མཚམས་སྤྲིན། འབྲོག་ཁྱིམ། ལོག་དཀར་མེ་ཏོག་ལ་ལྟ་བ་སོགས་བདག་གཉེར་གྱི་བྱེད་སྟངས་མང་པོའི་ཁྱད་ལྡན་གནས་སྐོར་གོང་དུ་སྤེལ་བར་ཁྲིད་སྟོན་བྱས། ཞིང་སྡེའི་སྤྱི་སྤྱོད་སྤྱོད་ཁང་དང་ལྕགས་ར་བསྐོར་བ། མཚོན་རྟགས། ཁོར་སྲུང་སྒྲིག་ཆས། རླངས་འཁོར་འཇོག་ས་སོགས་སྒྲིག་ཆས་འཐུས་ཚང་དུ་གཏོང་བར་རོགས་སྐྱོར་བྱས་པར་མ་ཟད། ཞིང་སྡེའི་གནས་སྐོར་ལས་གཞི་ངོ་སྤྲོད་དང་དྲིལ་སྒྲོག་བྱེད་པར་རོགས་རམ་བྱས། ཧེ་ཡན་རྫོང་མཚོ་ཆུང་མཚོ་སྔོན་པོའི་རིག་གནས་ལུས་རྩལ་གནས་སྐོར་ཞབས་ཞུ་ལྟེ་གནས་འཛུགས་པར་མ་དངུལ་སྒོར་འབུམ་གཉིས་ཁྲི་དྲུག་གི་རོགས་སྐྱོར་བྱས་པའི་དུས་མཚུངས་སུ། སྡེ་བའི་ལས་བྱེད་པ་དང་བདག་གཉེར་འཇོན་མི་རྩ་འཛུགས་བྱས་ཏེ་རྟོག་ཞིབ་སློབ་སྦྱོང་དང་། གནས་སྐོར་ཞབས་ཞུ་མི་སྣ་རྩ་འཛུགས་བྱས་ཏེ་ཞབས་ཞུའི་ནུས་རྩལ་གསོ་སྦྱོང་བྱས། 2016ལོའི་ལོ་མཇུག་གི་བར། རོང་འབྲོག་ཁྱིམ་ཚང་བཅུ་དྲུག་གིས་ཁྱིམ་ཚང་མགྲོན་ཁང་བདག་གཉེར་བྱེད་མགོ་བརྩམས། མཚོ་ཆུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བཅུ་གཅིག་གི་མི་བཅུ་གཉིས་བྱེ་གླིང་ལྗོངས་ཁུལ་གྱི་ཟ་ཁང་གི་ཞབས་ཞུ་དང་ཁོར་ཡུག་གཙང་སྤྲའི་ལས་ཀ་གཉེར་བར་བཀོད་སྒྲིག་བྱས་པ་དང་། མི་བཅོ་ལྔ་ནགས་ལས་ལྟ་སྲུང་པ་དང་ཁོར་ཡུག་གཙང་སྤྲའི་ལས་རྐང་དུ་ཞུགས་པར་རོགས་རམ་བྱས།

སྐྱེ་ཁམས་དབུལ་སྐྱོར་བྱ་བ་སྤེལ་ཏེ་སྐྱེ་ཁམས་སྲུང་སྐྱོབ་ལས་གཞིས་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱས།

མཚོ་ཆུང་སྡེ་བ་ནི་རི་དྭགས་དགོ་རྒྱུ་སའི་གནས་གཙོ་བོ་ཡིན། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་དབུལ་སྐྱོར་བྱ་བའི་ཁྲོད། ཐབས་ལམ་མང་པོ་ནས་མ་དངུལ་སྒོར་ས་ཡ་གཅིག་འབུམ་གཉིས་ཁྲི་ལྔ་ལྷག་བསྡུ་སྒྲིག་བྱས་ཏེ། རི་དྭགས་དགོ་འཚོ་སྡོད་བྱེད་སའི་གནས་དང་ལྕགས་ར་ཇེ་དམར་གཏོང་བ་དང་ལྕགས་རའི་སྟེང་གི་ཚེར་མ་མེད་པར་བཟོ་བའི་ལས་གཞི་གཉིས་ལ་དམིགས་ཏེ། མཚོ་སྐོར་ས་ཁུལ་གྱི་འབྲོག་པ་ཁྱིམ་ཚང་རེ་ལྔ་སྐུལ་སློང་བྱས་ཏེ་ཧུར་ཐག་གིས་རི་དྭགས་དགོ་ཡི་གཟན་རྩྭ་ཁ་གསབ་བྱེད་ས་དང་ཆུ་འཐུང་ས། དེ་མིན་འབྲེལ་ཡོད་ཀྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་རྩ་འཛུགས་བྱས་ཏེ་རི་དྭགས་དགོ་སྲུང་སྐྱོབ་བྱེད་པའི་རུ་ཁག་བཙུགས་པ་དང་། སྲུང་སྐྱོབ་གྲོན་དངུལ་དང་ངལ་རྩོལ་གླ་ཆ་བྱིན་ཏེ། དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་ཡོང་སྒོ་བརྟན་འཇགས་སུ་བཏང་།

ལས་གཞི་དང་མ་དངུལ་བརྩོན་ལེན་བྱེད་པར་རོགས་རམ་བྱས་ཏེ་རང་ཉིད་འཕེལ་རྒྱས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་།

ས་གནས་སྲིད་གཞུང་གཙོ་ཡིན་པ་རྒྱུན་འཁྱོངས་དང་། ཧུར་ཐག་གིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། དབུལ་སྐྱོར་དང་ནོར་སྲིད། ཞིང་ཕྱུགས། དམངས་སྲིད་སོགས་ཐབས་ལམ་བརྒྱུད་དེ་ལས་གཞིའི་མ་དངུལ་དངོས་འབེབས་བྱས་ཤིང་། ཧུར་ཐག་གིས་ཐོན་ལས་འཕེལ་རྒྱས་ཕྱོགས་ནས་ཁྱིམ་ཚང་རེ་ལྔར་རོགས་སྐྱོར་བྱེད་པ་དང་། ཁྱིམ་ཚང་སོ་དྲུག་གནས་སྤོར་བཀོད་སྒྲིག་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ནས་ཁྱིམ་ཚང་རེ་དྲུག་ལ་རོགས་སྐྱོར་བྱེད་པ། རྒྱུ་ནོར་ཕན་འབྲས་ཕྱོགས་ནས་ཁྱིམ་ཚང་བཞི་བཅུར་རོགས་སྐྱོར་བྱེད་པ། སྲིད་ཇུས་ཐད་ནས་ཁྱིམ་ཚང་ཉེར་བདུན་ལ་རོགས་སྐྱོར་བྱེད་པ། སྨན་བཅོས་རོགས་སྐྱོབ་ཕྱོགས་ནས་ཁྱིམ་ཚང་ཉེར་དྲུག་ལ་རོགས་སྐྱོར་བྱེད་པ། སློབ་གསོ་འཕེལ་རྒྱས་ཕྱོགས་ནས་ཁྱིམ་ཚང་ཉེར་དྲུག་ལ་རོགས་སྐྱོར་བྱེད་པ། ཞོར་ལས་ཐད་ནས་ཁྱིམ་ཚང་བཅོ་ལྔར་རོགས་སྐྱོར་བྱེད་པ་སོགས་སྐོར་གཅིག་ཅན་བརྒྱད་ཀྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་སྤྱོད་ལག་བསྟར་བྱས།

མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་གནས་བབ་སྲ་བརྟན་དང་སྲུང་སྐྱོབ་བྱས།

མཚོ་ཆུང་སྡེ་བ་ནི་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་སྲུང་སྐྱོབ་སྡེ་བ་གཙོ་བོ་གྲས་ཀྱི་གཅིག་ཡིན་ལ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའི་དབུལ་སྐྱོར་བྱ་བས་གོམ་གང་མདུན་སྤོས་སྒོས་ལྗོངས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱ་བར་སྐུལ་འདེད་བྱས། ས་གནས་སྲིད་གཞུང་དང་གཞོགས་འདེགས་བྱས་ཏེ། མུ་མཐུད་དུ«མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག»གཙོ་བོ་ཡིན་པའི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཀྱི་ནང་དོན་སྒྲོག་སྦྱོང་བྱེད་པའི་བྱ་བ་རྒྱ་བསྐྱེད་པ་དང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་དང་། ཁས་ལེན་བཞི་དང་མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ། བརྟན་འཇགས་སྲུང་སྐྱོབ་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་ཏུ་བཏང་།
 

ལོ་ཙཱ་བ། སྒྲོལ་མ་སྐྱིད།