མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཁྲིམས་སྐྱོང་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་བཏོན།
2017.04.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ། ཧུར་ཐག་གིས་ཁྲིམས་སྐྱོང་ལྗོངས་ཁུལ་འཛུགས་སྐྲུན་བྱས་ཤིང་། ཏན་ཏན་ཏིག་ཏིག་དང་གོ་རིམ་ཡོད་པའི་སྒོ་ནས་དོ་དམ་ཅུའུ་ཡོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་བྱ་བར་སྐུལ་འདེད་བྱས།

གཅིག་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་ཇུས་འགོད་བཀོད་སྒྲིག་ལེགས་པོ་བྱས།

ལོ་རེའི་ལོ་མགོར། ལྗོངས་ཁུལ་དོ་དམ་ཅུའུ་ཏང་རྩ་འཛུགས་ཀྱིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། «ཁྲིམས་སྐྱོང་ལྗོངས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བྱ་བའི་གནད་ས»དང་ལས་འགན་ལ་ཞིབ་འཇུག་གཏན་འཁེལ་བྱས་ཏེ། བྱ་བ་གཙོ་བོ་དང་ལས་འགན་བཀོད་སྒྲིག་ཞིབ་རྒྱས་བྱས།

གཉིས་ནས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ་ཁྲིམས་སྐྱོང་རྣམ་པ་ལེགས་པོ་བསྐྲུན།

«མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག»དེ་གནད་སར་བརྩིས་ཏེ། ལྗོངས་ཁུལ་དོ་དམ་ཅུའི་ཏང་རྩ་འཛུགས་ཀྱི་ཁོངས་མི་སོ་སོས་སྣེ་ཁྲིད་དེ་མཚོ་སྔོན་པོ་མཐའ་བསྐོར་གྱི་རོང་འབྲོག་ཁུལ་དུ་སོང་ནས། ས་དེའི་མང་ཚོགས་ལ་ཁྲིམས་ལུགས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་ལ་འབྲེལ་བ་ཡོད་པའི“བཅའ་ཁྲིམས་གསུམ་དང་སྲོལ་ཡིག་བཞི”དང«མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲོལ་ཡིག»གི་གསལ་འགྲེལ།«མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་བཅོས་སྒྲོག་འགྲེལ་ཡིག་རིགས»སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་ལག་དེབ་བཟོས་ནས། སོ་སོར་མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་བྱིན། 3•15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་དང་ཀྲུང་གོའི་གནས་སྐོར་ཉིན་མོ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་བྱ་འགུལ་སྣ་ཚོགས་ལ་བརྟེན་ནས། ཡོངས་ཁྱབ་ཏུ་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་སྒྲོག་བྱས་ཏེ། སྤྱི་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་།

གསུམ་ནས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་ཚུལ་ལྡན་གྱི་ཁྲིམས་འཛིན་ཚད་ལྡན་དུ་བཏང་།

ཧུར་ཐག་གིས་མཚོ་སྔོན་པོའི་གནས་སྐོར་གྱི་དཔྱིད་ཀའི་གནས་སྐོར་བྱ་འགུལ་དང་། གནས་སྐོར་ཚོང་རའི་སྒྲིག་ལམ་རྒྱུན་ལྡན་ཅན་དུ་གཏོང་བ་སོགས་ཀྱི་བྱ་འགུལ་སྤེལ་ཏེ། བསྡོམས་པས་འཛད་སྤྱོད་པས་ཞུ་གཏུག་བྱས་པའི་གྱོད་གཞི་སོ་བཞི་དང་ལེན་དང་ཐག་གཅོད་བྱས། ཟས་རིགས་བདེ་འཇགས་བཅོས་སྐྱོང་བྱ་བ་སྤེལ་ཏེ། «ཟས་རིགས་བདག་གཉེར་བདེ་འཇགས་ཁས་ལེན་ཡི་གེ»ལྔ་བརྒྱ་ལྷག་བཀོད་པ་དང་། དུས་ལས་བརྒལ་བའི་ཟས་རིགས་བཙོང་བའི་གྱོད་གཞི་གཉིས་རྩད་ཆོད། བདག་གཉེར་འཛིན་ཡིག་མེད་པའི་ཚོང་ཁང་སོགས་ལ་ཞིབ་བཤེར་བྱས་ཏེ། བསྡོམས་པས་འཛིན་ཡིག་མེད་པའི་ཚོང་གཉེར་ཁྱིམ་ཚང་ཉིས་བརྒྱ་དང་གཅིག་ལ་ཐག་གཅོད་བྱས། ཧུར་ཐག་གིས་ལྗོངས་ཁུལ་གྱི་གནས་སྐོར་ཚོང་ར་དང་མཉམ་འབྲེལ་སྒོས་ཁྲིམས་འཛིན་ལག་བསྟར་བྱས་ཏེ། སྒེར་ངོས་ནས་གནས་སྐོར་གྱི་ལམ་བཏོད་ནས་གནས་སྐོར་པར་མགོ་བསྐོར་གཏོང་བའི་རླངས་འཁོར་དང་གནས་སྐོར་ཁང་། སྣེ་ཤན་པ་བཅས་ཀྱིས་བསླུ་བྲིད་དང་བརྙས་བཅོས། བཙན་ཤེད་ཀྱིས་གནས་སྐོར་པར་འཛད་སྤྱོད་བྱེད་དུ་འཇུག་པ་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་། རང་འགུལ་སྒོས་མཚོ་སྐོར་ས་གནས་སྲིད་གཞུང་དང་རོགས་ལས་མཐུན་སྦྱོར་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱས་ཤིང་། གུང་ཧོ་རྫོང་དང་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གུང་ཧོ་ལམ་རྒྱུད་ཀྱི་ཁྲིམས་འགལ་བཟོ་བཀོད་བཅོས་སྐྱོང་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། གུང་ཧོ་རྫོང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་དང་སྡོད་ཁང་འཛུགས་སྐྲུན། ཞིང་ཕྱུགས། གྲོང་ཁྱེར་དོ་དམ། ཆུ་བེད། ཁོར་ཡུག་སྲུང་སྐྱོབ། འགྲིམ་འགྲུལ། སྤྱི་བདེ། ཁྲིམས་འཛིན་སོགས་སྡེ་ཁག་གི་ལས་བྱེད་མི་སྣ་དང་ལྗོངས་ཁུལ་དོ་དམ་ཅུའི་ཁྲིམས་འཛིན་མི་སྣ་བཅས་བསྡོམས་པས་མི་བཞི་བརྒྱ་དགུ་བཅུ་ལྷག་སྐོང་འཐེན་བྱས་ཏེ། ལས་བྱེད་ཚན་ཆུང་བདུན་བཙུགས་པ་དང་། གུང་ཧོ་རྫོང་ཁོངས་ཀྱི་ཁྲིམས་དང་འགལ་ནས་ས་ཞིང་བཀོལ་སྤྱོད་དང་ཁྲིམས་འགལ་འཛུགས་སྐྲུན་བྱ་སྤྱོད་ལ་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་བཟོ་བཀོད་གཞི་ཁྱོན་མུས་གྲུ་བཞི་མ་ཁྲི་གཉིས་བཤིག་པར་མ་ཟད། མཚོ་སྐོར་ལམ་རྒྱུད་ནང་ཕྱོགས་སུ་ཁྲིམས་དང་འགལ་ནས་རས་གུར་ཕུབ་ཏེ་ཚོང་གཉེར་བ་བཅོས་སྐྱོང་དང་ཚད་ལྡན་དུ་བཏང་ཞིང་། བསྡོམས་པས་རས་གུར་ཁྲི་གཅིག་ལྷག་གཞན་དུ་གནས་སྤར་དུ་བཅུག མཚོ་སྐོར་ལམ་རྒྱུད་དུ་སྒེར་གྱིས་གང་འདོད་དུ་གནས་སྐོར་ལམ་བཏོད་པ་དང་ལྗོངས་ཁུལ་ལས་པ། རས་གུར་ཕུབ་པ། བརྡ་ཁྱབ་འགྲེམ་བྱང་འཛུགས་པ་སོགས་ཀྱི་སྣང་ཚུལ་གང་སར་ཁྱབ་པ་ནུས་ཡོད་སྒོས་བཀག་འགོག་བྱས་ཏེ། ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲ་མངོན་གསལ་དུ་ལེགས་བཅོས་བྱུང་། གཞན་ད་རུང་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིན་དང་མཉམ་འབྲེལ་བྱ་བའི་ཚན་ཆུང་བཙུགས་ཏེ། གནས་སྐོར་གྱི་དུས་ཚིགས་བཟང་པོའི་སྐབས་ཀྱི་ལྗོངས་ཁུལ་གྱི་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ་ལེགས་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ནུས་ཡོད་སྒོས་ལྗོངས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་བྱས།

བཞི་ནས་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་དོ་དམ་ཆུ་ཚད་ཇེ་མཐོར་བཏང་།

ཁྲིམས་ལྟར་སྲིད་འཛིན་གྱི་འབྲེལ་ཡོད་ལམ་ལུགས་གཞིར་བཟུང་ཏེ། ལྗོངས་ཁུལ་དོ་དམ་ཅུའུ་ཡི་དོན་དངོས་ལྟར། «མཚོ་སྔོན་པོ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའི་སྲིད་འཛིན་ཁྲིམས་འཛིན་ཁྲོམ་བསྒྲགས་ལམ་ལུགས»དང«མཚོ་སྔོན་པོ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའི་སྲིད་འཛིན་ཁྲིམས་འཛིན་བརྡ་ཁྱབ་ལམ་ལུགས»སོགས་སྲིད་འཛིན་ལམ་ལུགས་བཅུ་བཞི་གཏན་འཁེལ་དང་འཐུས་ཚང་དུ་བཏང་བར་མ་ཟད། ལྗོངས་ཁུལ་གྱི་གནས་སྐོར་དང་ས་ཞིང་དོ་དམ། མཁར་གྲོང་འཆར་འགོད། ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ས་གནས་རང་བཞིན་གྱི་སྒྲིག་སྲོལ་དང་སྲིད་འཛིན་ཁྲིམས་སྲོལ་དེ་ཕྱོགས་བསྒྲིགས་བྱས་ནས་ལག་དེབ་བཟོས་ཏེ། ལས་བྱེད་པ་དང་ཁྲིམས་འཛིན་མི་སྣ་རེ་རེར་བྱིན་ནས། སྲིད་འཛིན་དབང་ཆའི་འཁོར་སྐྱོད་སྔར་ལས་ཚད་ལྡན་དུ་བཏང་།
 

ལོ་ཙཱ་བ།སྒྲོལ་མ་སྐྱིད།