ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་པོའི་ཉ་རིགས་མྱུར་སྐྱོབ་ལྟེ་གནས་དང་ལྷོ་ནུབ་སློབ་གྲྭ་ཆེན་མོ་ཚེ་སྲོག་ཚན་རིག་གླིང་གཉིས་ཀྱིས་ལོ་བཅུ་ལ་རྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་པོའི་ནང་དུ་ཚད་ཆེས་མཐོ་ན་ཉ་རིགས་ཏུན་འབུམ་བཞི་དང་ཁྲི་གཉིས་འཚོ་ཐུབ་ཟེར།
དཔྱད་འཇོག་འདིའི་མཇུག་འབྲས་ལས་ཤེས་པ་ལྟར་ན། མཚོ་སྔོན་པོ་ནི་བཅུད་ཅུང་ཞན་པའི་མཚེའུ་ཁོངས་སུ་གཏོགས་པ་དང་། ཆུའི་སྐྱེ་དངོས་ཐོན་ཁུངས་ཀྱི་ཆེས་ཆེ་བའི་ཐོན་སྐྱེད་ནུས་པས་ཏུན་འབུམ་བཞི་དང་ཁྲི་གཉིས་ཀྱི་ཉ་ཤའི་སྤྲི་དཀར་ཐོན་ཁུངས་འདོན་ཐུབ། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཉ་ལས་ཅུའུ་ཡི་ཅུའུ་ཀྲང་བང་ཧེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་པོའི་ཉ་རིགས་ཐོན་ཁུངས་ནི་ཁྱད་པར་ཅན་གྱི་ཉ་ཡི་རིགས་ཤིག་སྟེ། ཁི་ལི་ཞེས་པའི་ཉ་དེ་ཡིན་ལ། དེས་མཚོ་སྔོན་པོའི་ཉ་ཡི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དགུ་ཡན་ཟིན་ཞིང་། ཉ་རིགས་གཞན་པས་བཟུང་བའི་སྡུར་ཚད་ཧ་ཅང་ཉུང་། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་དུ། མཚོ་སྔོན་པོའི་ཁི་ལི་ཉ་ཡི་ཐོན་ཁུངས་ཀྱི་ཚད་དེ་ཏུན་དྲུག་དང་གྲངས་ཆུང་གཉིས་གཅིག་ལ་སླེབས་པ་དང་། ཉ་དེའི་རིགས་འཕར་སྣོན་འབྱུང་བའི་བར་སྟོང་ཤིན་ཏུ་ཆེ་ཟེར།
མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་ཆེན་པོ་ཞིག་ཡིན་པ་དང་། དེ་ནི་མཚོ་བོད་མཐོ་སྒང་ཤར་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆུ་གནས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོའི་ནང་འཚོ་བཞིན་ཡོད་པའི་ཐུན་མོང་མ་ཡིན་པའི་ཁི་ལི་ཉ་དེར་གསེར་ཉ་ཞེས་ཀྱང་འབོད་ལ། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས་ཤིག་ཡིན།
དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བ་ནས་བདུན་ཅུ་བའི་བར་ཚད་ལས་བརྒལ་བའི་སྒོ་ནས་ཉ་འཛིན་བཟུང་བྱས་པས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་སོང་བ་དང་། མཚོ་སྔོན་པོའི་ཁི་ལི་ཉ་ཡི་གྲངས་ཀ་དེ་ཇེ་ཉུང་དུ་སོང་།
མཚོ་སྔོན་པོའི་ཁི་ལི་ཉ་མྱུར་སྐྱོབ་ལྟེ་གནས་ཀྱིས་ཚད་མཇལ་བྱས་པ་ལྟར་ན། ལོ་ངོ་མང་པོའི་རིང་ལ་སྲུང་སྐྱོབ་དང་མུ་མཐུད་དུ་འབད་པ་བྱས་པ་བརྒྱུད། ཁི་ལི་ཉའི་ཐོན་ཁུངས་དེ་ཉིས་སྟོང་གཅིག་ལོའི་ཏུན་སྟོང་གཉིས་དང་ལྔ་བརྒྱ་གོ་གཉིས་ནས་ཉིས་སྟོང་བཅོ་ལྔ་ལོའི་ཏུན་ཁྲི་དྲུག་དང་སྟོང་གཉིས་ལྷག་ལ་སླེབས་ཞིང་། སྲུང་སྐྱོབ་དུས་མགོའི་ཐོན་ཁུངས་ལས་ལྡབ་ཉེར་བཞི་འཕར།
བང་ཧེ་ཡིས་བཤད་རྒྱུར། ཁི་ལི་ཉ་ཡི་གྲངས་ཀ་ལོ་རེར་ཇེ་མང་དུ་སོང་བ་དང་བསྟུན་ནས། ཐོན་ཁུངས་ཉམས་གསོའི་མྱུར་ཚད་དེ་ཡང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང་། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། མཚོ་སྔོན་པོའི་ཁི་ལི་ཉ་ཡི་གྲངས་ཀ་སྔར་ལས་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཟེར། འཆར་འགོད་གཞིར་བཟུང་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་མཇུག་ཏུ། ཁི་ལི་ཉ་ཡི་ཐོན་ཁུངས་ཀྱི་ཚད་དེ་སྔོན་དཔག་ལས་ཏུན་འབུམ་བཞི་དང་ཁྲི་དྲུག་ཡས་མས་ལ་སླེབས།
ལོ་ཙཱ། ཚེ་རིང་སྒྲོལ་མ།