མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལས་གཞི་ལག་བསྟར་བྱས་པ་ཆེས་མང་པོའི་ཞིང་ཆེན་ཞིག་ཏུ་གྱུར།
2017.04.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཉིས་སྟོང་བཅུ་དྲུག་ལོའི་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཀྲུང་གོ་ཚན་རིག་གླིང་དང་། པེ་ཅིན་དགེ་ཐོན་སློབ་ཆེན། ཀྲུང་གོ་ནགས་ལས་ཚན་རིག་སློབ་གླིང་སོགས་ལས་ཁུངས་ལྔ་དང་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་བཅུ་གཉིས་ཀྱི་དཔྱད་འཇོག་བྱས་པ་ལས་གསལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལས་གཞི་ལག་བསྟར་བྱས་པ་ཆེས་མང་པོའི་ཞིང་ཆེན་ཞིག་ཏུ་གྱུར་ཟེར།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་ནས་རྨོ་བསྐྱུར་ནགས་བསྐྲུན་དང་། རང་བྱུང་ནགས་ལ་སྲུང་སྐྱོབ་བྱེད་པ། བྱང་གསུམ་འགོག་སྲུང་ནགས་མ་ལག་འཛུགས་སྐྲུན་བྱེད་པ། ཕྱུགས་བསྐྱུར་རྩྭ་འདེབས་བྱེད་པ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཆི་ལེན་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ལག་བསྟར་བྱས། ཚན་རིག་རྟོག་ཞིབ་ལས་གསལ་བར་མངོན་པ་ལྟར་ན། དེའི་ནང་ཆིག་སྟོང་དགུ་བརྒྱ་གོ་བརྒྱད་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་དུ། མཚོ་སྔོན་གྱིས་གཙོ་བོ་སྐྱེ་ཁམས་བཟོ་སྐྲུན་གྱི་ཐད་ལ་སྤྱི་བསྡོམས་པས་སྒོར་མོ་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་ལྷག་བཏང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཞིང་ཆེན་ནགས་ལས་ཐིན་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་ཐད་ལ་བཏང་བའི་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ལ་སླེབས་པ་དང་། གཙང་གསུམ་འབྱུང་ཡུལ་ཁུལ་དང་། མཚོ་སྔོན་པོའི་བཞུར་རྒྱུད། ཆི་ལེན་རི་བོ་སོགས་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་གཞི་ལག་བསྟར་ས་ཁུལ་གསུམ་དུ་གྱུར།

2014ལོར། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དུས་རིམ་གཉིས་པའི་བཟོ་སྐྲུན་མགོ་བརྩམས་པ་དང་། དེའི་ནང་དུ་གུང་ཧོ་རྫོང་འདུས་པའི་རྫོང་ཁག་ལྔ་གཙང་གསུམ་འབྱུང་ཡུལ་གྱི་ལས་གཞིའི་ནང་བཞག་པ་དང་། དེ་ལས་མཚོ་སྔོན་ཞིང་ཆེན་ལྷོ་ཕྱོགས་ཀྱི་ཁུལ་བཞིའི་རྫོང་ཉེར་གཅིག་ཚང་མ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་ཁུལ་དང་ཕན་ཁེ་ཐོབ་སའི་ཁུལ་དུ་གྱུར་བ་མཚོན་ཡོད།

མཚོ་སྔོན་ཞིང་ཆེན་ལ་ཡ་གླིང་གི་ཆུ་མཛོད་ཞེས་པའི་མཚན་སྙན་ཐོབ་པ་དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཀྱི་ཡོལ་སྲུང་གལ་ཆེན་ཞིག་ཡིན་པ་དང་།  དེ་དང་ཆབས་ཅིག་ཏུ། འཛམ་གླིང་གི་རླུང་ཁམས་ཆེན་མོའི་ཆུའི་འཁོར་བསྐྱོད་ཀྱི་སྐྱེ་ཁམས་སྙོམས་སྒྲིག་ཁུལ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། དེ་ལ་ད་དུང་འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་སྙོམས་སྒྲིག་དང་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་རྣམ་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུད་མཐུད་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ལྡན་པ་རེད།

སྟོན་དཔྱིད་ཀྱི་དུས་སུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་མུ་མཐུད་དུ་ཡར་སྐུལ་བྱས་པ་དང་བསྟུན་ནས། མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་། ཉེ་ལམ། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་འཁོར་སྐར་འཁོར་བསྐྱོད་ལྟེ་གནས་སོགས་ཀྱིས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་འཁོར་བསྐྱོད་ཚད་མཇལ་སྙན་ཞུ་ཞེས་པ་མཉམ་དུ་ཁྱབ་བསྒྲགས་བྱས་པ་སྟེ། ཉིས་སྟོང་བཅོ་ལྔ་ལོར་མཚོ་སྔོན་པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་མུས་གྲུ་བཞི་མ་སྟོང་བཞི་དང་བཞི་བརྒྱ་སོ་གཉིས་ལྷག་ཡིན་པ་དང་། དེ་ཉིས་སྟོང་བཅུ་བཞི་ལོའི་དུས་མཉམ་ལས་མཚེའུ་ཡི་ངོས་མུས་གྲུ་བཞི་མ་བཞི་བཅུ་ཞེ་དགུ་གྲངས་ཆུང་བརྒྱད་བཞི་འཕར་སྣོན་བྱུང་ལ། ཉིས་སྟོང་ལྔ་ལོ་ནས་ཉིས་སྟོང་བཅུ་བཞི་ལོའི་བར་དུ་ཆ་སྙོམས་མཚོ་ངོས་ཀྱི་རྒྱ་ཁྱོན་དེ་མུས་གྲུ་བཞི་མ་བརྒྱ་དང་བཅུ་གཉིས་ལྷག་འཕར་སྣོན་བྱུང་།

སྐྱེ་ཁམས་ཆེད་མཁས་པས་ཞིབ་སྡུར་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཐད་ལ་མ་དངུལ་གཏོང་བ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་རིན་ཐང་གི་འགྱུར་ལྡོག་བརྒྱུད་དེ། མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་གྱི་དངུལ་གཏོང་ཁེ་ཕན་གྱི་ཚད་དེ་བརྒྱ་ཆའི་བརྒྱ་དང་སོ་བདུན་ལྷག་ལ་སླེབས་པ་དང་། དེའི་ནང་གཙང་གསུམ་འབྱུང་ཡུལ་ཁུལ་གྱི་མ་དངུལ་ཁེ་ཕན་གྱི་ཚད་དེ་བརྒྱ་ཆའི་ཉིས་བརྒྱ་དང་བཞི་ལྷག་ལ་སླེབས་ཡོད། ཆེད་མཁས་པས་བཤད་རྒྱུར། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་འདི་ལྟ་བུ་ནི་ཕན་འབྲས་མཐོ་བའི་དངུལ་གཏོང་གི་ཁོངས་སུ་གཏོགས་པས། སྐྱེ་ཁམས་བཟོ་སྐྲུན་གྱི་གོམ་སྟབས་ལ་ཡར་སྐུལ་བྱས་པ་དང་བསྟུན་ནས། དེའི་རྗེས་ཀྱི་སྐྱེ་ཁམས་ཕན་འབྲས་སྔར་ལས་མངོན་གསལ་དུ་བཏང་།

ལོ་ཙཱ། ཚེ་རིང་སྒྲོལ་མ།