ལོ་གཅིག་གི་འཆར་གཞི་དེ་དཔྱིད་ཀ་ནས་འཐེན་དགོས་ཞེས་པ་ལྟར་དུ། མཉམ་འབྲེལ་གསུམ་དང་སྒྲུབ་པ་བཞི་ཡི་བྱ་འགུལ་སྤེལ་བའི་ཚུན་ལ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་རུ་ཁག་གཙོ་བོ་ཡིན་པའི་སྒྲོག་སྦྱོང་ཚན་ཆུང་བཙུགས་ཏེ། ཧེ་ཡན་རྫོང་ཝ་འཇོག་ཞང་མཚོ་ཆུང་སྡེ་བ་སོགས་སུ་སོང་ནས། འབུར་ཐོན་བཞི་གཙོ་གནད་དུ་བཟུང་སྟེ། སྲིད་ཇུས་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་གིས་མཉམ་འབྲེལ་གསུམ་དང་སྒྲུབ་པ་བཞིའི་བྱ་འགུལ་ལ་སྐུལ་འདེད་བྱས་ནས་ཕན་འབྲས་མངོན་གསལ་བླངས།
གཅིག་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་བྱ་འགུལ་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས།
ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཕན་སྲིད་ཇུས་དངོས་འབེབས་ལེགས་པོ་བྱེད་ཆེད། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའི་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་མཉམ་འབྲེལ་གསུམ་དང་སྒྲུབ་པ་བཞིའི་བྱ་བའི་མཐུན་སྦྱོར་ཚན་ཆུང་དང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས། ད་ལོའི་ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཅུའུ་ཡོངས་ཀྱི་ལས་བྱེད་པའི་མཉམ་འབྲེལ་གསུམ་དང་སྒྲུབ་པ་བཞི་ཡི་བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་བསྡུས་པར་མ་ཟད། གཅིག་བསྡུས་གསོ་སྦྱོང་དང་རང་སྦྱོང་ཞིབ་ཀློག་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། གཞི་རིམ་དུ་བསྐྱོད་པའི་ལས་བྱེད་པས་སྲིད་ཇུས་ཁོང་དུ་ཆུད་པ་དང་། དྲིལ་སྒྲོག་གི་ནང་དོན་བྱང་ཆུབ་པར་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་དང་། བྱ་འགུལ་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས།
གཉིས་ནས་རིགས་བཀར་ནས་མཛུབ་སྟོན་བྱེད་པ་དམ་འཛིན་བྱས་ཏེ་བྱ་འགུལ་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས།
ཆེད་མཁས་པ་གདན་དྲངས་ནས་ཧེ་ཡན་རྫོང་མཚོ་ཆུང་སྡེ་བར་སོང་སྟེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྤྱི་ཚོགས་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས། མི་རིགས་མཐུན་སྒྲིལ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་འགྲེལ་བཤད་བྱས་པ་དང་། མཚོ་ཆུང་སྡེ་བའི་འཆམ་མཐུན་བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་པར་མ་ཟད། གཞི་རིམ་མང་ཚོགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལེགས་བསྒྱུར་དང་། རོང་འབྲོག་མང་ཚོགས་ལ་འཕྲིན་གསར་གྱི་ཞབས་ཞུ་དང་ལག་རྩལ་ཐད་ནས་མཛུབ་སྟོན་བྱས།
གསུམ་ནས་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཏེ་སྲིད་ཇུས་དྲིལ་སྒྲོག་པ་བཟང་པོ་བྱས།
དྲིལ་སྒྲོག་ཚན་ཆུང་གིས་སྡེ་བ་ནས་ཧྲེ་དང་ཧྲེ་ནས་ཁྱིམ་ཚང་། ཁྱིམ་ཚང་ནས་མི་བཅས་གཅིག་ཀྱང་མ་ལུས་པར་ཚང་མར་དྲིལ་སྒྲོག་བྱེད་པའི་བླང་བྱ་ལྟར་དུ། མང་ཚོགས་དང་མཉམ་ཟ་མཉམ་འདུག་དང་མཉམ་དུ་ལས་ཀ་ལས་པ། སྡེ་དམངས་ཚོགས་ཆེན་འཚོགས་པ་སོགས་ཀྱི་བྱེད་སྟངས་སྣ་མང་བརྒྱུད་དེ། མི་རིགས་མཐུན་སྒྲིལ་དང་ཞིང་ཕན་སྲིད་ཇུས། ངལ་རྩོལ་ལས་ཞུགས་གསོ་སྦྱོང་། མཉམ་ལས་སྨན་བཅོས་ཉེན་ཚབ་སོགས་ཀྱི་སྲིད་ཇུས་དང་ཤེས་བྱ་དག་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་རོང་འབྲོག་ཁྱིམ་ཚང་རེ་རེར་ཡོངས་ཁྱབ་ཏུ་དྲི་སྒྲོག་བྱེད་པར་ཤུགས་སྣོན་བྱས། བྱ་འགུལ་སྤེལ་སྐབས། བསྡོམས་པས་སྡེ་བ་རིམ་པའི་ཚོགས་ཆེན་ཐེངས་བརྒྱད་དང་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་བསྡུས་པ་དང་། དྲིལ་སྒྲོག་ཀློག་དེབ་སྟོང་གསུམ་བདུན་བརྒྱ་ལྷག་བཀྲམ་པ། དྲིལ་སྒྲོག་འཕྲེད་དར་བཅུ་ལྷག་དང་སྦྱར་ཡིག་བཞི་བཅུ་ལྷག་བཀལ་བ། སྦྱར་བྱང་བཅུ་གཉིས་ལས་པ། དམངས་དོན་ཉིན་ཐོ་དྲུག་ཅུ་ལྷག་ཟིན་བྲིས་སུ་བཀོད་པས། མང་ཚོགས་ལ་སློབ་གསོ་ཐོབ་ཚད་བརྒྱ་ཆའི་དགུ་བཅུ་ཡན་དུ་བསླེབས།
བཞི་ནས་ཏང་ཡོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཏང་འཛུགས་སྐྲུན་གྱི་ཟུར་ཁྲིད་པ་ལེགས་པོ་བྱས།
དྲིལ་སྒྲོག་ཚན་ཆུང་གིས་མཉམ་འབྲེལ་གསུམ་དང་སྒྲུབ་པ་བཞི་ཡི་བྱ་འགུལ་དེ་སློབ་པ་གཉིས་དང་བྱེད་པ་གཅིག་གི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་དང་ཟུང་འབྲེལ་བྱས་ཤིང་། ཏང་ཡོན་རྩ་འཛུགས་བྱས་ཏེ་ཧུར་ཐག་གིས་སྡེ་དམངས་ཀྱིས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་དང་། སྡེ་བའི་འགལ་བ་དང་རྩོད་གཞི་ཞིབ་བཤེར་དང་འདུམ་འགྲིག། ཁོར་ཡུག་གཙང་སྦྲ་གཅིག་བསྡུས་ལེགས་སྒྲིག་སོགས་ཀྱི་བྱ་འགུལ་སྤེལ་བར་མཐུན་སྦྱོར་རོགས་སྐྱོར་བྱས་ཏེ། མཐུན་སྦྱོར་ནུས་པ་འདོན་སྤེལ་ལེགས་པོ་བྱས་པའི་དུས་མཚུངས་སུ། ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་བསྡུས་པ་དང་། ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་ཉི་ཤུ་བཅས་ལ་འཚམས་འདྲི་བྱས།
ལོ་ཙཱ་བ།སྒྲོལ་མ་སྐྱིད།