མཚོ་སྔོན་པོའི་རྒྱ་ཁྱོན་ལོ་བཅུ་དྲུག་རིང་གི་ཆེས་ཆེ་བའི་ཚད་ལ་སླེབས་ཡོད།
2017.05.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་ཐོབ་པ་དང་། ཆར་འབབ་ཚད་ཇེ་མང་དུ་སོང་བས། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་སོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་ནས་རྒྱུས་ལོན་པ་ལྟར་ན། ན་ནིང་གི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཆར་ཆུ་བབས་ཚད་ཇེ་མང་དུ་སོང་བས་མཚོ་སྔོན་པོའི་མཚོ་ཆུ་ཇེ་མཐོར་སོང་བ་དང་། རྒྱ་ཁྱོན་མགྱོགས་མྱུར་སྒོས་ཇེ་ཆེར་སོང་། མིག་སྔར། མཚོ་སྔོན་པོའི་རྒྱ་ཁྱོན་དེ་ཉེ་བའི་ལོ་བཅུ་དྲུག་རིང་གི་ཆེས་ཆེ་བའི་ཚད་དེ་སླེབས་ཡོད།

2016ལོའི་ཟླ་བཅུ་བའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་པོའི་བྱ་གླིང་ལྗོངས་ཁུལ་དུ་དྭངས་ཤིང་གཙང་བའི་མཚོ་ཆུ་གྲུ་ཁའི་ཨར་འདམ་གྱི་ཚད་དེ་སླེབས་ཡོད་པ་མཐོང་བ་དང་། བྱ་གླིང་ལྗོངས་ཁོངས་སུ་བྱ་གླིང་དང་པུ་ཧ་ཆུ་བོའི་འབྲེལ་མཚམས་ཀྱི་གཞུང་ལམ་ཆུའི་བསྣུབ་པས། མཚོ་སྔོན་པོའི་བྱ་གླིང་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་མཚོ་ཆུ་ཇེ་མཐོར་སོང་ཡོད་པ་མངོན་གསལ་གྱིས་མཐོང་ཐུབ་ཟེར།
མཚོ་སྔོན་ཞིང་ཆེན་གནམ་གཤིས་ཞིབ་འཇུག་ཁང་གིས་འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པ་ལས། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་བར། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་བཞི་བརྒྱ་ང་གཅིག་ལ་སླེབས་ཡོད་པ་དང་། 2015ལོ་དང་བསྡུར་ན། སྤྱི་ལེ་ང་གཉིས་ཀྱིས་ཇེ་ཆེར་སོང་ཡོད། ལོ་རེའི་དུས་སྐབས་དེ་དང་བསྡུར་ན། སྤྱི་ལེ་གྲུ་བཞི་མ་བརྒྱ་དང་སོ་ལྔ་ཇེ་ཆེར་སོང་ཡོད་ལ། མཚོ་སྔོན་པོའི་རྒྱ་ཁྱོན་དེ2001ལོའི་ཚུན་གྱི་ཆེས་ཆེ་བའི་ཚད་དེ་སླེབས་ཡོད།

གནམ་གཤིས་ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་པོའི་བཞུར་རྒྱུད་སྟོད་ཀྱི་ཐེམ་ཆེན་དང་རྐང་ཚའི་གནམ་གཤིས་ས་ཚིགས་ཀྱིས་ཟླ་བདུན་པ་ནས་དགུ་བའི་བར་གྱི་ཆར་ཆུ་འབབ་ཚད་དབྱེ་ཞིབ་བྱས་པ་ལྟར་ན། ཐེམ་ཆེན་དང་རྐང་ཚའི་གནམ་གཤིས་ས་ཚིགས་ཀྱི་ཆར་ཆུ་བབས་ཚད་ཧའོ་མུས་སུམ་བརྒྱ་གོ་དྲུག་དང་ཧའོ་མུས་བཞི་བརྒྱ་བདུན་ཅུ་རུ་སླེབས་ཡོད། དེའི་ཁྲོད། ཟླ་བརྒྱད་པའི་ཟླ་སྨད་དུ། ཐེམ་ཆེན་དང་རྐང་ཚ་ས་ཚིགས་གཉིས་ཀྱི་ཆར་ཆུ་བབས་ཚད་ལོ་རེའི་དུས་སྐབས་དེ་དང་བསྡུར་ན་ལྡབ་གསུམ་དང་གྲངས་ཆུང་བདུན་དང་ལྡབ་གཅིག་དང་གྲངས་ཆུང་དྲུག་གིས་ཇེ་མང་དུ་སོང་ཡོད། ཟླ་དགུ་བའི་ཚུན་ལ། མཚོ་སྔོན་པོའི་བཞུར་རྒྱུད་སྟོད་རྒྱུད་ཀྱི་ཆར་ཆུ་འབབ་ཚད་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད་པ་དང་། བར་རྒྱུད་དུ་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད། ཟླ་བདུན་པའི་ཚུན་དང་ཁྱད་པར་དུ་ཟླ་བརྒྱད་པའི་བར་དང་སྨད་ཀྱི་སྐབས་དེར་ཆར་འབབ་ཚད་ཇེ་མང་དུ་སོང་བས་ཆུའི་རྒྱ་ཁྱོན་ཇེ་ཆེར་སོང་།

གནམ་གཤིས་ཆེད་མཁས་པས་བལྟས་ན། མཚོ་སྔོན་པོའི་རྒྱ་ཁྱོན་མགྱོགས་མྱུར་སྒོས་ཇེ་མཐོར་སོང་བ་ནི་མཚོ་སྔོན་པོའི་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་སོང་བས་ཡིན་ལ། མིག་སྔར། འཁོར་སྐར་ལྟ་ཞིབ་རི་མོ་ལས་བལྟས་ན། བྱེ་གླིང་གི་མཚོ་ཡང་མཚོ་སྔོན་པོའི་ནང་བཞུར་བཞིན་ཡོད་ལ། མཚོ་སྔོན་པོའི་བྱེ་མའི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་ཡོད། དེ་བས། མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཆེ་ཡིན་པ་དང་། མ་འོངས་བས་སྐྱེ་ཁམས་སླར་གསོ་དང་ས་ཆ་བྱེ་འགྱུར་གྱི་ཚད་ཇེ་ཉུང་དུ་འགྲོ་སྲིད།

ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ་བཅུ་བའི་ཟླ་སྟོད་དང་ཟླ་དཀྱིལ་བར། ཆར་ཆུ་བབས་ཚད་སྔོན་གྱི་ལོ་འགའ་དང་བསྡུར་ན། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་ཆར་ཆུ་ཇེ་ཉུང་དང་རྒྱུན་ལྡན་ཡིན་ལ། ཕྱོགས་ཡོངས་ནས་བལྟས་ན་ཟླ་དགུ་བའི་ཚུན་ལ་ཆར་བབས་ཚད་དང་ཆུའི་བཞུར་ཚད་རིམ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་པས། ཟླ་བཅུ་བའི་ཟླ་མཇུག་ནས་ཅུང་ཇེ་ཆུང་དུ་འགྲོ་སྲིད། ཆེད་མཁས་པས་དྲན་སྐུལ་བྱས་པ་ལྟར་ན། ཉེ་སྔོན་མཚོ་སྔོན་པོའི་ཆུ་རིམ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་ལ། ཉེ་འགྲམ་གྱི་རྩྭ་ས་དང་གནས་སྐོར་བར་ཤུགས་རྐྱེན་ཅུང་བཟོ་སྲིད་པས། འབྲེལ་ཡོད་ལས་ཁུངས་ཀྱིས་གནམ་གཤིས་གནས་ཚུལ་ལ་གདེང་འཇོག་བྱས་ཏེ། མུ་མཐུད་དུ་མཚོ་སྔོན་པོའི་ཉེ་འགྲམ་གྱི་བུ་ཧ་ཆུ་བོ་དང་འོམ་ཆུ་སོགས་ཀྱི་བཞུར་ཚད་ལ་ལྟ་ཞིབ་བྱས་ནས། གནས་སྐོར་སྒྲིག་ཆས་ཀྱི་བདེ་འཇགས་ཞིབ་བཤེར་དང་ཞིག་གསོའི་བྱ་བ་བཟང་བོར་སྤེལ་དགོས།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།