མཚོ་སྔོན་པོའི2016ལོ་ནས2017ལོའི་དགུན་དུས་ཀྱི་གསེར་ཉར་སྲུང་སྐྱོབ་བྱེད་པའི་ཆེད་དོན་ཁྲིམས་འཛིན་བྱ་འགུལ་མཇུག་བསྒྲིལ།
2017.05.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཉ་སྲིད་དོ་དམ་སྤྱིའི་ས་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་མཐོང་ཆེན་འོག ཞིང་ཆེན་ཉ་སྲིད་དོ་དམ་སྤྱིའི་ས་ཚིགས་ཀྱིས་རྩ་འཛུགས་དང་འཆར་འགོད་ཞིབ་མོ་བྱས་པ་དང་། སྤྱིའི་ས་ཚིགས་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་ཉ་སྲིད་སྡེ་ཁག་སོ་སོས་དོ་དམ་ས་ཁོངས་ཀྱི་སྤྱི་བདེ་མངགས་གཏོང་ཁང་དང་མཉམ་འབྲེལ་བྱས་ཏེ། དྲིལ་སྒྲོག་སློབ་གསོ་དང་རྡུང་རྡེག་གཉིས་གཙོར་བཟུང་བ་དང་། འགན་ནུས་དང་ལས་འགན། མི་སྣ། ཁྲིམས་འཛིན་ཞིབ་དཔྱད་ཐད་ཀྱི་ས་ཁོངས་གཙོ་བོ་གཏན་ཁེལ་གསལ་བོ་བྱེད་པ། ས་བགོས་ནས་འགན་གཙང་ལེན་བྱེད་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ནས། ཟླ་བཞི་ལྷག་གི་འབད་བརྩོན་བརྒྱུད་དེ། དགུན་དུས་ཀྱི་གསེར་ཉར་སྲུང་སྐྱོབ་བྱེད་པའི་ཆེད་དོན་ཁྲིམས་འཛིན་བྱ་འགུལ་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་མ་ཟད་ཕན་འབྲས་ཆེན་པོ་བླངས།

ཆེད་དོན་ཁྲིམས་འཛིན་བྱ་འགུལ་སྤེལ་སྐབས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཉ་སྲིད་སྡེ་ཁག་དང་། ཉ་སྲིད་དང་སྤྱི་བདེ། བཟོ་ཚོང་། མང་ཚོགས་དང་བླངས་པས་མཉམ་འབྲེལ་སྒོས་རྡུང་རྡེག་བྱེད་པའི་རྐྱེན་སྲོལ་གྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་པ་དང་། རང་བཤེར་དང་ཕན་ཚུན་ཞིབ་བཤེར། མཚན་མོར་གློ་བུར་དུ་ཞིབ་བཤེར་བྱེད་པ་སོགས་རྣམ་པ་མང་བའི་ཞིབ་བཤེར་བྱེད་ཐབས་སྤྱད་དེ། མཚོ་སྔོན་པོར་སྐོར་ཞིབ་ཐེངས་མང་པོ་བྱས། ལྐོག་ཏུ་ཉ་འཛིན་ཚད་མཐོ་བའི་ས་ཁོངས་སུ་གཞི་ཁྱོན་ཆེ་བའི་ཆེད་དོན་ཁྲིམས་འཛིན་མཁྲེགས་གཏོར་བྱ་འགུལ་སྤེལ་ནས། ཆེད་དུ་ཞང་ལྔ་དང་སྡེ་བ་བདུན། གྲོང་རྡལ་བཞི་རུ་སོང་ནས་དྲིལ་སྒྲོག་བྱས་པ་དང་། དྲིལ་སྒྲོག་བྱེད་སྐབས་བརྡ་ཁྱབ་སྤེལ་བ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་བ། བཞུགས་མོལ་ཚོགས་འདུ་བསྡུ་བ། ཁ་གཏད་དེ་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། ཉ་འཛིན་མཁན་གྱི་བར་དུ་གསེར་ཉ་མི་འཛིན་པའི་ཁས་ལེན་ཡི་གེ་བཀོད། དྲིལ་སྒྲོག་རྒྱ་ཆེན་པོ་བྱས་པ་བརྒྱུད་དེ། སྲིད་འཛིན་ཁྲིམས་སྐྱོང་དང་ཉེས་དོན་ཁྲིམས་འཛིན་གཉིས་བར་སྦྲེལ་མཐུད་དམ་ཟབ་བྱས་ཏེ། ཁྲིམས་དང་འགལ་བའི་སྒོ་ནས་གསེར་ཉ་འཛིན་པ་དང་སྐྱེལ་འདྲེན་བྱེད་པ། ལས་སྣོན་བྱེད་པ། གསེར་ཉ་འཚོང་བའི་བྱ་སྤྱོད་ལ་རྡུང་རྡེག་ཆེན་པོ་བྱས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།