སྤྱི་ལོ2010ལོ་ནས2015ལོའི་བར་དུ་མཚོ་སྔོན་པོའི་མཐའ་འཁོར་གྱི་ཆུ་སྤུས་བསྟུད་མར་ཇེ་ལེགས་སུ་སོང་བ།
2017.05.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 29

 ལོ་དུ་མའི་རིང་གི་བཅོས་སྐྱོང་དང་སྲུང་སྐྱོབ་བྱས་པ་བརྒྱུད། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་མཚེའུ་སྟེ་མཚོ་སྔོན་པོའི་ཆུ་སྤུས་ལ་ལེགས་བཅོས་བྱུང་ཡོད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2010ལོ་ནས2015ལོའི་བར་དུ་མཚོ་སྔོན་པོའི་མཐའ་འཁོར་གྱི་ཆུ་སྤུས་བསྟུད་མར་ཇེ་ལེགས་སུ་སོང་ཞིང་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ཏུ་གྱུར་ཡོད།

མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོད་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱིས2010ལོ་ནས་བཟུང་མཚོ་སྔོན་པོའི་མཐའ་འཁོར་དུ་བསྡོམས་པས་ས་ངོས་ཀྱི་ཆུ་སྤུས་ཞིབ་བཤེར་ཚད་ལེན་ས་ཚིགས7བཙུགས་ནས་ཆུ་སྤུས་ལ་ཞིབ་བཤེར་ཚད་ལེན་བྱས།

2010ལོ་ནས2015ལོའི་བར་གྱི་ཞིབ་བཤེར་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་ནང་བཞུར་བའི་ས་ངོས་ཀྱི་ཆུ་རྒྱུན་གཙོ་བོ8ཀྱི་ཁྲོད་ཧར་དགེ་ཆུ་བོ་དང་ཁྱོན་རྒྱས་ཆུ་བོ། འོམ་ཆུ། ཅི་ཨར་མིན་ཆུ་བོའི་ཞིབ་བཤེར་ཚད་ལེན་བྱས་པའི་ཆུ་སྤུས་ནི་རིགས་གཅིག་ནས་རིགས་གཉིས་པ་ཡིན་ལ། རིག་སྨོན་ཆུ་བོ་དང་རྟ་ནག་མ་ཆུ་བོ་ནི་2013ལོ་དང་། དཀར་མཛེས་ཆུ་བོ་ནི2011ལོ་ནས2015ལོའི་བར་དུ་ཆུ་སྤུས་རིགས་གསུམ་པ་ཡིན། སྤྱིའི་ཆ་ནས་མཚོ་སྔོན་པོའི་ཆུ་སྤུས་ལེགས་པོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཁོར་ཡུག་བྱེད་ནུས་ཁུལ་གྱི་ཆུ་སྤུས་བྱེད་ནུས་དམིགས་ཚད་དང་མཐུན་པ་རེད།

མཚོ་སྔོན་པོའི་ཆུ་སྤུས་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། མཚོ་སྔོན་གྱིས་གཙོ་བོ་མཚོ་བསྐོར་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། 2015ལོའི་ལོ་མཇུག་བར་དུ། རྐང་ཚ་དང་མདའ་བཞི། ཐེམ་ཆེན། ཆབ་ཆ་བཅས་རྫོང་བཞི་རུ་གྲོང་རྡལ་གྱི་གཅིག་བསྡུས་རང་བཞིན་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་འཛུགས་སྐྲུན་བྱས་ལ། བཙོག་ཆུ་ཐག་གཅོད་བྱེད་ཚད་ཉིན་རེར་ཆུ་ཏུན་ཁྲི་གཅིག་དང་དགུ་བརྒྱ་ལྷག་ལ་སླེབས་པ་དང་། དུས་མཚུངས་སུ་གཙོ་གནད་ས་ཁུལ་དང་གཙོ་གནད་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ནུས་པ་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་འཆར་འགོད་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ། འབྲོག་པའི་གཏན་སྡོད་ཁང་བ་དང་ཞིང་བའི་སྤྲོ་ཁྱིམ་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས། མིག་སྔའི་བར་དུ། མཚོ་སྔོན་པོ་ས་ཁུལ་དུ་ཁོར་ཡུག་སྦག་བཙོག་དང་སྐྱེ་ཁམས་གཏོར་བརླག་གི་དོན་རྐྱེན་ཆེན་པོ་གཅིག་ཀྱང་བྱུང་མེད། །
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།