མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་བ།
2017.05.05 ཁུངས། མཚོ་སྔོན་པོ་དོ་དམ་ཅུའུ་དྲ་ཚིགས། ཀློག་གྲངས། 30

 ཉེ་ལམ། མཚོ་སྔོན་པོའི་གླང་ཆེན་མཆེ་བ་ཕྱེད་གླིང་གི་མཚེའུ་ཆུང་ཆུང་ཞིག་གི་ཁ་དོག་གློ་བུར་དུ་དམར་པོར་གྱུར་བ་དེར་སྤྱི་ཚོགས་ལས་རིགས་སོ་སོས་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད། གནས་ཚུལ་དེ་བྱུང་རྗེས། མཚོ་སྔོན་པོ་ཡུལ་ལྗོངས་དོ་དམ་ཅུའུ་ཡིས་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་བྱས་ཏེ། དུས་ལྟར་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ཅུའུ་ཡི་ལག་རྩལ་རྐང་འཛིན་པ་བཀོད་སྒྲིག་བྱས་ནས་ཕྱི་རོལ་དུ་རྟོག་ཞིབ་བྱེད་པའི་ཚན་ཆུང་ཞིག་བཙུགས་པ་དང་། དེ་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་ཆུང་ཆུང་དག་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་དུ། ཕྱི་རོལ་དུ་རྟོག་ཞིབ་བྱེད་པའི་ཚན་ཆུང་གིས་ཉིན་བདུན་གྱི་རིང་ལ་སྤྱི་ལེ་བདུན་བརྒྱའི་མཚམས་སུ་བསྐྱོད་དེ། ཡུལ་དངོས་ནས་རྟོག་ཞིབ་བྱེད་པ་དང་། མི་མེད་གནམ་གྲུའི་ནང་པར་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་གཙོ་བོ་བཅུ་དགུར་རྟོག་ཞིབ་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས། ཡུལ་དངོས་ནས་རྟོག་ཞིབ་ཚད་ལེན་བྱས་པའི་གནས་ཚུལ་ལ་གཞིགས་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་ཆུང་ཆུང་བཅུ་དགུ་བོ་ཚང་མ་དྭངས་ཤིང་། མདོག་གསལ་ལ། ཆུའི་ཁ་དོག་རྒྱུན་ལྡན་ཡིན་ཞིང་། གླང་ཆེན་མཆེ་བ་ཕྱེད་གླིང་གི་མཚེའུ་ལ་ཆུ་སྔོའི་རིགས་སྐྱེ་འཕེལ་བྱས་པས་ཆུ་ངོས་དམར་པོར་གྱུར་བའི་གནས་ཚུལ་བྱུང་ཡང་མཚེའུ་གཞན་པའི་ནང་དུ་ཁ་དོག་དེ་འདྲ་བྱུང་མེད་པ་རེད། དེ་དང་ཆབས་ཅིག་ཏུ། གླང་ཆེན་མཆེ་བ་ཕྱེད་གླིང་གི་ཆུ་ངོས་དམར་པོར་གྱུར་ས་ནས་མུ་མཐུད་དུ་རྟོག་ཞིབ་ཚད་འཇལ་བྱས་པ་བརྒྱུད། དམར་པོར་གྱུར་བའི་མཚེའུ་ཁ་དོག་ད་ལྟ་རྒྱུན་ལྡན་དུ་གྱུར་འདུག

ཐེངས་འདིར་རྟོག་ཞིབ་བྱས་པའི་མཚེའུ་བཅུ་དགུའི་ནང་དུ་ཚྭ་མཚོ་དང་། ཚྭ་མེད་མཚེའུ། ཆུ་རྒྱུན་གྱི་མཚོ་འཁྱིལ། དུས་ཚིགས་རང་བཞིན་གྱི་ཚྭ་མེད་མཚེའུ་སོགས་ཡོད་པ་དང་། དེའི་ཁྲོད་དུ་ཆུ་བྱ་ངལ་གསོ་བྱེད་ས་བཅུ་བདུན་ཡོད་པ་དང་། མཚོ་ཆུང་ནོར་བུ་དང་ཝ་འཇོག་ཆུ་བོའི་མཚེའུ་ཨང་རྟགས་དང་པོར་ཆུ་བྱ་གནས་མེད་ལ། མཚོ་ཆུང་ནོར་བུ་རུ་ཆུ་སྐྱེས་སྐྱེ་དངོས་ཁྱབ་མེད་པ་ལས་གཞན། མཚེའུ་གཞན་པ་བཅོ་བརྒྱད་པོའི་ནང་དུ་ཆ་སྙོམས་ཀྱིས་སྐྱེ་དངོས་ཆུ་ཁར་གཡེང་བ་དང་། ཆུའི་ནང་དུ་ནུབ་པ། བརླན་ས་ནས་སྐྱེས་པའི་ཆུ་སྐྱེས་སྐྱེ་དངོས་ཡོད་པ་རེད། ད་དུང་ཆུའི་ནང་དུ་སྐྱེས་པའི་སྐྱེ་དངོས་དེ་རིག་སྨོན་ས་ཆའི་བརླན་ས་དང་། མཚེའུ་ཆུང་ཆུང་ཡོད་ས་རུ་སྐྱེས་ཡོད། མཚེའུ་བཅུ་དགུ་བོའི་མཐའ་འཁོར་དུ་ཆ་སྙོམས་ཀྱིས་འབྲོག་པའི་རྩྭ་ས་ཡོད་ལ། དེ་ལ་བཙོག་སྐྱོན་ཐེབས་མེད་ཅིང་། མཚོ་རྣ་ལུང་མཐའ་འཁོར་དུ་གནས་སྐོར་སྒྲིག་ཆས་ཉུང་ངུ་ཡོད་པ་རེད།

དུས་རིམ་རྗེས་མར་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་ཡོངས་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་ཆུང་ཆུང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཟླ་ལྔ་བའི་ནང་ཀྲུང་གོ་ཚན་རིག་ཁང་བུའུ་ཧན་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་གི་ཆེད་མཁས་པ་གདན་ཞུ་བྱས་ནས་མཚོ་སྔོན་དུ་ཡོང་ཏེ། མུ་མཐུད་དུ་གླང་ཆེན་མཆེ་བ་ཕྱེད་གླིང་གི་མཚེའུ་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་ཆུང་ཆུང་གི་ཆེད་དོན་རྟོག་ཞིབ་བྱེད་པའི་བྱ་བ་གཏིང་ཟབ་པོའི་སྒོ་ནས་ཡོངས་སུ་སྤེལ་རྒྱུ་རེད།

ལོ་ཙཱ་བ། ཚེ་རིང་སྒྲོལ་མ།