ཉེ་ལམ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲུབ་པས“ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད”ཞེས་པའི་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པའི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྟེ། ཁོར་ཡུག་སྲུང་སྐྱོབ་མི་སྣ་སློབ་རར་བསྐྱོད་པའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཧྲིན་ལས་ལམ་སློབ་ཆུང་དུ་སྤེལ།
བྱ་འགུལ་སྤེལ་བའི་ཉིན་དེར། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་དང་ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཁོར་སྲུང་ཆེད་མཁས་མི་སྣ་གཉིས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་གོ་གནས་གཙོ་ཡིན་པའི་སྐོར་ནས། མཛེས་སྡུག་གི་མཚོ་སྔོན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ཏེ། གོ་བདེ་བའི་སྒོ་ནས་བྱིས་པ་རྣམས་ལ་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་སྒྲོག་འགྲེལ་བྱས། དེ་དང་ཆབས་ཅིག བྱ་འགུལ་གཙོ་སྒྲུབ་ཕྱོགས་ཀྱིས་ད་དུང“ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད”ཞེས་པའི་བརྗོད་གཞི་རི་མོའི་འགྲེམ་བྱང་ལས་ནས་སློབ་གྲྭའི་ནང་འགྲེམ་སྟོན་བྱས་པ་དང་། སློབ་མ་རྣམས་ལ་རི་མོ་ལས་མཚོ་སྔོན་པོ་རྒྱུས་ལོན་བྱེད་དུ་བཅུག
“ང་ཚོ་ཚང་མས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད”ཞེས་པའི་ཞིང་ཆེན་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཁོར་སྲུང་རབ་དང་རིམ་པའི་བྱ་འགུལ་ནི་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། ལོ་ཆུང་གདོང་ལེན་རུ་ཁག་མཚོ་སྔོན་ཞིང་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི“སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་དགོས་པ་དང་། རང་ཉིད་ཀྱི་མིག་ལ་གཅེས་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ལ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་ཇི་བཞིན་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ནས། ལྷད་མེད་འཕེལ་རྒྱས་དང་འཚོ་བའི་རྣམ་པ་ཆགས་སུ་འཇུག་པར་སྐུལ་འདེད་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། གཙང་ཆུ་སྔོན་པོ་ཤར་ཕྱོགས་སུ་བཞུར་བ་ཁག་ཐེག་བྱེད་དགོས”ཞེས་པའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་ལེན་དངོས་འབེབ་བྱས་ཏེ། 2016ལོའི་ཟླ་བཅུ་གཉིས་པར་སྤྱི་ཕན་བྱ་འགུལ་རབ་དང་རིམ་པ་མགོ་བརྩམས་པ་དང་། བྱ་འགུལ་ཏེ་ལོ་ཆུང་བྱིས་པས་རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས། ཆུང་དུས་ནས་སྐྱེ་ཁམས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་པ་དང་། ལོ་ཆུང་རྣམས་ལ་སྣེ་ཁྲིད་པའི་བྱེད་ཐབས་བརྒྱུད་ནས་ཁྱིམ་བདག་རྣམས་ལ་སྐུལ་སློང་དང་སྤྱི་ཚོགས་ཀྱི་མི་སྣ་མཛེས་སྡུག་གི་མཚོ་སྔོན་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་ཁྲིད་བྱས།
ཐེངས་འདིའི་བྱ་འགུལ་ནི2016ལོའི་ཟླ་བཅུ་གཉིས་པ་ནས་མགོ་བརྩམས་པ་ཡིན་ལ། 2017ལོའི་ཟླ་བདུན་པར་མཇུག་སྒྲིལ་རྒྱུ་རེད། བྱ་འགུལ་གྱི་ནང་དོན་གཙོ་བོ་ནི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་རི་མོའི་འགྲེམ་སྤེལ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཁོར་ཡུག་སྲུང་སྐྱོབ་གཙོར་འཛིན་པ། ཁོར་སྲུང་མི་སྣ་སློབ་རར་བསྐྱོད་པ། མཛེས་སྡུག་གི་མཚོ་སྔོན་དང་མཛེས་པའི་མཚོ་སྔོན་པོའི་རི་མོ་དང་རྩོམ་ཡིག་འགྲན་བསྡུར། བྱ་དང་ཉ་ལ་བལྟ་བ། སྐྱེ་ཁམས་སྤྲོ་གསེང་སོགས་ནང་དོན་དྲུག་ཡོད།
བྱ་འགུལ་མགོ་བརྩམས་ནས་ད་བར་དུ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་ཁྱད་པར་དུ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་གིས་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད། སྤྱི་ཚོགས་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་ལ་གདེང་འཇོག་དང་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་ཚ་རླབས་བསླངས། མིག་སྔར། བྱ་འགུལ་དེ་ཕྱོགས་ཡོངས་ནས་སྤེལ་བཞིན་པའི་སྒང་རེད།
ལོ་ཙཱ་བ། ཤ་བོ་རིན་མཚོ།