མཚོ་སྔོན་པོའི་འགུག་ཤུགས་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད།
2017.05.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

11.jpg+

2.jpg

2008ལོ་ནས2016ལོའི་བར། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་གནས་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས་དེ་འབུམ་གསུམ་དང་ཁྲི་གཉིས་ནས་འཕར་ཏེ་མི་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་དགུ་སྟོང་དགུ་རུ་སླེབས་ཡོད། གནས་སྐོར་གྱི་ཡོང་སྒོ་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་གཅིག་ཁྲི་གསུམ་ནས་འཕར་ཏེ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བདུན་ལ་སླེབས་ཡོད། ལོ་བཅུའི་རིང་ལ་མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ལས་གཞི་སྣ་བརྒྱད་ཅུ་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་བརྒྱད་བཏང་།

མཚོ་སྔོན་པོ་ལ་སོག་སྐད་ཀྱིས་ཁུའུ་ཁུའུ་ནའོ་ཨར་དང་བོད་སྐད་ཀྱིས་མཚོ་སྔོན་པོ་ཞེས་འབོད། དེ་དག་ཚང་མ་ནི་མཚོ་སྔོ་བའི་དོན་ཡིན། མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་དུ་འོད་མདངས་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན་ལ། ཀྲུང་གོའི་ཆེས་ཆེ་བའི་ཚྭ་ཆུའི་མཚེའུ་ཡིན་པ་དང་། དེ་སྔོན«ཀྲུང་གོའི་རྒྱལ་ཁབ་ས་ཁམས»ཀྱིས་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཡི་མཚན་སྙན་གནང་།

2007ལོར། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་བཙུགས་པ་དང་། དེས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནས་སྐོར་གྱི་སྒྲིག་ཆས། གནས་སྐོར་ཐོན་ཁུངས་ཧྲིལ་བསྡུས་བྱེད་པ། གནས་སྐོར་གསར་སྤེལ་སོགས་ཐད་ལ་བྱ་བ་མང་པོ་སྒྲུབ་པ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། མིག་རྡེབ་དབང་ཙམ་ལ་ལོ་བཅུ་འགོར་ལ་ཉེ་བ་དང་། ལོ་བཅུའི་རིང་ལ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སླར་གསོ་ཅུང་བཟང་བོ་ཐོབ་ཡོད་པ་དང་། ད་ལྟའི་མཚོ་སྔོན་པོའི་ལྗོངས་ཁུལ་གནས་སྐོར་དོ་དམ་ཆུ་ཚད་དང་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་གནས་སྐོར་བས་གནས་སྐོར་བྱེད་ས་གཙོ་བོར་གྱུར་ཡོད།

མཚོ་སྔོན་ཀའོ་ཞིན་རྒྱལ་སྤྱིའི་གནས་སྐོར་ཁང་གི་ལྟ་སྐོར་སྣེ་ཤན་ཏུའུ་ཀའོ་ཅོན་གྱིས་རང་ཉིད་ཀྱིས་ལོ་མང་པོའི་རིང་ཚོགས་པ་ཁྲིད་པའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས་བཤད་རྒྱུར། མཚོ་སྔོན་པོའི་སྙན་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས། འདི་ནི་གནས་སྐོར་བ་ངེས་པར་དུ་འགྲོ་དགོས་པའི་གནས་ཐོག་མ་རུ་གྱུར་ཡོད། དུས་སྐབས་མི་འདྲ་བའི་མཚོ་སྔོན་པོ་ལ་མཛེས་ལྗོངས་མི་འདྲ་བ་ཡོད་ལ། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་བཞིན་ཡོད་པས། ས་ཕྱོགས་གཞན་གྱི་གནས་སྐོར་བ་དང་པར་ལེན་པར་དགའ་བའི་མི་རྣམས་གནས་དེར་ཡོང་བཞིན་ཡོད་པ་དང་། མཚོ་སྔོན་པོ་དེ་མཚོ་སྔོན་གྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་དུ་འཇུག་པའི་གསེར་གྱི་མིང་བྱང་ལྟ་བུར་གྱུར་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། 2004ལོ་ནས2016ལོའི་བར། མཚོ་སྔོན་པོའི་རྒྱ་ཁྱོན་སྟོང་མུས་གྲུ་བཞི་བརྒྱ་དང་རེ་དགུ་གྲངས་ཆུང་དྲུག་བདུན་གྱིས་ཇེ་ཆེར་སོང་ཡོད། མཚོ་སྔོན་པོའི་མཚོ་ཆུའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་སོང་བ་དང་བསྟུན་ནས། ས་ཁོངས་ས་རྒོད་ཐང་སྟོང་དུ་གྱུར་བ་ཕན་ནུས་ཡོད་པའི་བཀག་སྡོམ་བྱས་ཡོད་པ་དང་། ས་ཁུལ་ཁ་ཤས་ཀྱི་ནམ་ཟླ་སྙོམས་སྒྲིག་བྱས་ཡོད་ལ། ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་མཚོ་བོད་མཐོ་སྒང་ཤར་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།

མཚོ་སྔོན་པོའི་ནང་དུ་གསེར་ཉ་ཡོད་པ་དང་། མཚོ་ངོས་སུ་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་མང་པོ་འཕུར་བཞིན་ཡོད་ལ། གནས་འདིའི་སྐྱེ་ཁམས་ཧ་ཅང་བཟང་། མཚོ་ཆུ་མུ་མཐའ་བྲལ་ལ་དྭངས་ཤིང་སྔོ་བས། གནས་འདི་ནི་དགའ་བས་ཡིད་མྱོས་པ་ལྟ་བུའི་གནས་ཤིག་རེད་ཞེས་པར་ལེན་ལ་དགའ་ཞེན་ཆེ་བའི་ན་གཞོན་ཨན་ཆིན་ཉན་གྱིས་དེ་ལྟར་བཤད།

མཚོ་བོད་མཐོ་སྒང་སྟེང་། མཚོ་སྔོན་པོས་མུ་མཐའ་བྲལ་བ་དང་ལྷིང་འཇགས་བསྒོམ་ཏེ་རྩྭ་ཐང་དང་མཚོ་མོའི་མུ་མཐུད་ཡོད་ལ། མི་རྣམས་ལ་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ངོམ་བཞིན་འདུག

མུ་མཐའ་བྲལ་བའི་མཚོ་སྔོན་པོ་བསྐོར་བའི་རྩྭ་ཐང་དེ་ནི་ཐང་ལ་གོས་གདན་ལྗང་ཁུ་བཏིང་བ་ཇི་བཞིན་མཛེས་ཤིང་སྡུག མི་རྣམས་ཀྱི་སེམས་སུ་བརྗེད་ཐབས་བྲལ་བའི་མཛེས་ལྗོངས་ཤིག་མངོན་པར་བྱས་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། ལོ་བཅུའི་རིང་མཚོ་སྔོན་པོའི་བྱ་རིགས་ཀྱི་གྲངས་ཀ་དེ་དུས་རབས་སྔོན་མའི་དུས་མཇུག་གི་བརྒྱ་དང་རེ་བཞི་ནས་འཕར་ཏེ་ཉིས་བརྒྱ་ཉེར་གཉིས་སུ་སླེབས་ཡོད་པ་དང་། འཇིག་ཉེན་ཆེ་བའི་དགོ་ཡི་གྲངས་ཀ་དེ་ཉིས་བརྒྱ་ནས་སླར་གསོ་བྱུང་སྟེ་སྟོང་གཅིག་དང་བཞི་བརྒྱ་རུ་སླེབས་ཡོད། གསེར་ཉའི་ཐོན་ཁུངས་ཏུན་ཁྲི་བདུན་ལྷག་ལ་སླེབས་ཡོད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཅུའུ་ཀྲང་ཏུང་ཅིན་མིན་གྱིས་བཤད་རྒྱུར། ལོ་བཅུའི་རིང་ལ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་དང་བརླན་ས་སྲུང་སྐྱོབ་དང་སླར་གསོའི་འཛུགས་སྐྲུན་ལས་གཞི། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་གྱི་ལས་གཞི། མཚོ་སྔོན་པོ་རྒྱལ་སྤྱིའི་བརླན་ས་སྲུང་སྐྱོབ་ཁ་གསབ་མ་དངུལ་གྱི་ལས་གཞི། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟའི་ལས་གཞི། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་གཞི་སོགས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། སྒྲིག་ཆས་སྲུང་སྐྱོབ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་སྲུང་སྐྱོབ་ཐོག་མར་བཙུགས། དེ་དང་ཆབས་ཅིག ད་དུང་ཀྲུང་གོ་ཚན་རྩལ་གླིང་དུ་མཉམ་འབྲེལ་ཚན་རྩལ་རྟེན་གཞི་བཙུགས་པ་དང་། ཚན་རིག་ཞིབ་འཇུག་མཉམ་ལས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བས། ཚན་རྩལ་གྱི་འདེགས་སྐྱོར་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནུས་ཤུགས་ལ་ཕན་ནུས་ཡོད་པའི་མཐོར་འདེགས་ཆེན་པོ་བྱུང་།

མཚོ་སྔོན་པོ་ནི་རང་བྱུང་ཁམས་ཀྱིས་མཚོ་བོད་མཐོ་སྒང་ལ་བསྩལ་བའི་མཛེས་ལྗོངས་ཆེན་པོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་པོའི་བྱ་རིགས་ལ་བལྟ་བའི་དུས་ཆེན་དང་། བྱེ་མའི་སྒྱུ་རྩལ་དང་ས་གཞིའི་སྒྱུ་རྩལ་གནས་སྐོར་དུས་ཚིགས། མཚོ་མཆོད་རིག་གནས་གནས་སྐོར་དུས་ཚིགས་སོགས་དུས་ཚིགས་ཆེན་པོ་གསུམ་དང་མཚོ་སྐོར་རྐང་ཐང་དུ་འགྲོ་བའི་ཚོགས་ཆེན། མཚོ་སྐོར་བྱེས་བགྲོད་རླངས་འཁོར་སོགས་བྱ་འགུལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ངའི་ཞིང་ཆེན་ཕྱིའི་གྲོགས་པོ་མང་པོས་ང་ལ་མཚོ་སྔོན་པོའི་གནས་སྐོར་གྱི་འདྲི་ཞིབ་བྱེད་བཞིན་ཡོད་ལ། མཚོ་སྔོན་ལ་གནས་སྐོར་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཞེས་ཟི་ལིང་གྲོང་ཁྱེར་གྱི་སྡོད་མི་ཆིས་མའོ་ཧན་གྱིས་དེ་ལྟར་བཤད།

མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་གནས་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས2008ལོའི་འབུམ་གསུམ་དང་ཁྲི་གཉིས་ནས་འཕར་ཏེ2016ལོར་མི་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་དགུ་སྟོང་དགུ་རུ་སླེབས་ཡོད། འཕར་ཚད་ལྡབ་ལྔ་དང་གྲངས་ཆུང་དགུ་གསུམ་རེད། གནས་སྐོར་གྱི་ཡོང་སྒོ2008ལོའི་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་གཅིག་ཁྲི་གསུམ་ནས་འཕར་ཏེ2016ལོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བདུན་ལ་སླེབས་ཡོད་པ་དང་། འཕར་ཚད་ལྡབ་དྲུག་དང་གྲངས་ཆུང་གསུམ་རེད། གནས་སྐོར་གྱི་མི་གྲངས་དང་གནས་སྐོར་སྤྱིའི་ཡོང་སྒོ་སོ་སོར་བརྒྱ་ཆའི་བཅུའི་ཡན་ལ་སླེབས་ཡོད་པ་དང་། འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧ་ཁྲིན་ཁུ་ཡིས་བཤད་རྒྱུར། ལོ་བཅུའི་རིང་ལ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ལས་གཞི་སྣ་བརྒྱད་ཅུ་ལག་བསྟར་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་བརྒྱད་བཏང་ལ། མ་དངུལ་སྒོར་དུང་ཕྱུར་བཅུ་གཅིག་དང་བྱེ་བ་དྲུག་བཏང་བའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཡོད་པ་དང་། གླང་ཆེན་མཆེ་བ་རུ་མཛེས་གྲོང་དང་ཁང་འཁོར་གསོལ་མགྲོན་ཁང་། གནས་སྐོར་ཞབས་ཞུའི་ལྟེ་གནས། ལྗོངས་ཁུལ་གྱི་སྒོ་སྲུང་མ་ལག བྱ་གླིང་གི་བྱ་བལྟ་སའི་ཁང་བ། བཙོག་ཆུ་བཟོ་གྲྭའི་རྒྱ་བསྐྱེད་པ་སོགས་སྲུང་སྐྱོབ་སྒྲིག་ཆས་དང་། མཚོ་ལ་ལྟ་སའི་མགྲོན་ཁང་དང་གླང་ཆེན་མཆེ་བ་རུའི་སྤྱི་པའི་གླ་གཏོང་ཁང་བ་སོགས་ལས་གཞི་དམ་འཛིན་སྒོས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། གླང་ཆེན་མཆེ་བ་རུའི་གཅིག་བསྡུས་དྲོད་རླངས་འདོན་སྤྲོད་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་སོགས་ཀྱི་ལས་གཞི་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས། ལྗོངས་ཁུལ་གནས་སྐོར་སྣེ་ལེན་དང་ཞབས་ཞུའི་སྒྲིག་ཆས་ལ་སྔར་ལས་ལྷག་པའི་ལེགས་བཅོས་ཐོབ་ཡོད་པས། རྣམ་པ་གསར་བར་བསྒྱུར་ཡོད་ཟེར།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།