མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གད་སྙིགས་གཙང་སེལ་བྱས་པ།
2017.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

 ཉེ་ལམ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ཏེ། “ ང་ཚོས་བྱ་སྤྱོད་སྤེལ་ཏེ་མཚོ་སྔོན་པོ་སྲུང་སྐྱོབ་བྱེད”ཅེས་པའི་མཚོ་སྐོར་ཀྱི་གད་སྙིགས་འཐུ་བའི་བྱ་འགུལ་སྤེལ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཏུང་ཅིན་མེན་གྱིས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་སྣེ་ཁྲིད་དེ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་བཞི་དང་། 109རྒྱལ་ལམ། མཚོ་སྐོར་ནུབ་ལམ། མཚོ་སྐོར་ཤར་ལམ་བཅས་གཙོ་བྱས་ནས་ཚན་ཆུང་ཁག་བགོས་ཀྱིས་གད་སྙིགས་གཙང་སེལ་བྱས།

གད་སྙིགས་འཐུ་བའི་བྱ་འགུལ་སྤེལ་སྐབས། ས་གནས་ཀྱི་ལས་ཁུངས་ཁ་ཤས་དང་། ཚོང་བ། མཐའ་འཁོར་གྱི་མང་ཚོགས་རྣམས་ཀྱང་གད་སྙིགས་འཐུ་བའི་བྱ་འགུལ་དེའི་ཁྲོད་ཞུགས་ཏེ། རང་རྟོགས་སྒོས་ཁོར་ཡུག་གཙང་དག་དང་གད་སྙིགས་འཐུ་བའི་ལས་ལ་འབད་པར་མ་ཟད། གནས་སྐོར་པ་མང་པོ་ཞིག་གིས་ཀྱང་ཁོ་ཚོ་དང་མཉམ་དུ་གད་སྙིགས་སྣ་ཚོགས་བཏུས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལེགས་པོ་མངོན་པར་བྱས།

ཤེས་བ་ལྟར་ན། ཉེ་བའི་ལོ་འདི་འགར་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ལྗང་མདོག་འཕེལ་རྒྱས་དམིགས་ཡུལ་དུ་བཟུང་སྟེ། གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ཁྲོད་སྣོད་བཅུད་སྲུང་སྐྱོབ་ལེགས་པོ་བྱས་ཤིང་། སྣོད་བཅུད་རྣམ་པའི་གནས་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་མཚོ་མཆོད་སྣོད་བཅུད་རིག་གནས་མྱོང་རོལ་དང་། བྱ་གླིང་མཚེར་བ་རིའི་སྣོད་བཅུད་ཚན་རིག་ཁྱབ་གདལ་ཡུལ་སྐོར། བྱེ་མའི་གླིང་ཕྲན་གྱི་སྣོད་བཅུད་ཁམས་གསེང་ཡུལ་སྐོར། ཀླུ་མོ་གཞོང་འདམ་རའི་ལྗོངས་ལྟའི་ཡུལ་སྐོར་སོགས་རིམ་སྤེལ་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་བཅས་གནད་སར་བརྩིས་ནས་ཡུལ་སྐོར་བས་ཡུལ་སྐོར་སྤྲོ་གསེང་བྱེད་པ་དང་ཆབས་ཅིག “སྐྱེ་ཁམས་གནས་སྐོར”འདུ་ཤེས་རྒྱུད་སྤེལ་བྱེད་པར་ཤུགས་སྣོན་བྱས། དུས་མཚུངས་སུ། བྱ་འགུལ་འཆར་འགོད་དང་སྒྲིག་འཛུགས་བྱེད་པའི་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་སྟེ་ཐན་ཉུང་ལྗང་མདོག་ཡུལ་སྐོར་འཕེལ་རྒྱས་སུ་བཏང་།

ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོའི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པའི་སྐོར་གྱི་བྱེ་བྲག་གི་བླང་བྱ་དངོས་འབེབས་བྱས་ཤིང་། བླང་བྱ་དེ་བྱེ་བྲག་གི་བྱ་སྤྱོད་ཁྲོད་དོན་ཐོག་ཏུ་འཁྱོལ་བར་བྱས། བྱ་འགུལ་བརྒྱུད་དེ། དོ་དམ་ཅུས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གལ་ཆེན་ཡིན་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར་ཞིང་། རང་ཉིད་བདག་པོ་ཡིན་པའི་འདུ་ཤེས་བཟུང་སྟེ་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་ལས་དོན་ཁྲོད་ཞུགས། མིག་སྔར། མཚོ་སྔོན་པོ་མཐའ་བསྐོར་གྱི་གད་སྙིགས་འཐུ་བའི་བྱ་འགུལ་ཁྲོད་ཞུགས་པའི་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུས་དང་མཚོ་སྔོན་པོའི་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ལས་བྱེད་པ་དང་ལས་བཟོ་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ། མཚོ་སྔོན་པོའི་གནས་སྐོར་ཞབས་ཞུ་སྤུས་ཚད་སྤྱི་ཚོགས་ལྟ་སྐུལ་པ། ལྗོངས་ཁུལ་གྱི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། མཐའ་བསྐོར་གྱི་མང་ཚོགས་བཅས་མི་གྲངས་སྟོང་གཅིག་ཙམ་ལ་བསླེབས་ཡོད། འདི་ནི་ཉེ་བའི་ལོ་འདི་འགའི་ནང་མཚོ་སྐོར་ས་ཁུལ་དུ་སྤེལ་བའི་གཞི་ཁྱོན་ཅུང་ཆེ་བའི་གད་སྙིགས་གཙང་སེལ་གྱི་བྱ་འགུལ་ཅིག་རེད།

མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ད་རུང་གླང་ཆེན་མཆེ་བ་ཡན་ལག་ཅུའུ་དང་། བྱ་གླིང་ཡན་ལག་ཅུའུ། བྱེ་གླིང་ཡན་ལག་ཅུའུ། དེ་མིན་མཚོ་སྔོན་པོའི་གནས་སྐོར་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་བཀོད་སྒྲིག་བྱས་ཏེ། ཁོངས་གཏོགས་ས་ཁོངས་ལྟར། མུ་མཐུད་དུ་དུས་ཡུན་གཟའ་འཁོར་གཅིག་གི་གད་སྙིགས་འཐུ་བའི་བྱ་འགུལ་སྤེལ་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་ས་ཁོངས་ནང་གི་གད་སྙིགས་སྣ་ཚོགས་གཙང་སེལ་བྱས་ནས། ཁོར་ཡུག་གཙང་མ་ཞིག་གིས་གནས་སྐོར་གྱི་དུས་ཚིགས་བཟང་པོར་བསུ་མ་བྱེད་པའི་དུས་མཚུངས་སུ། བྱ་འགུལ་འདི་རྒྱུན་ལྡན་ཅན་ཏུ་གཏོང་ཆེད། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ད་དུང་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར་ཟླ་རེར་གད་སྙིགས་འཐུ་བའི་བྱ་འགུལ་ཐེངས་རེ་་སྤེལ་བར་རྩ་འཛུགས་བྱས།
མཚོ་སྔོན་པོའི་ས་ཁོངས་ཀྱི་གཞི་ཁྱོན་ཆེ་ཞིང་མཚོ་སྐོར་གྱི་བར་ཐག་རིང་བས། མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་བྱེད་ན་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའི་སྟོབས་ཤུགས་ཁོ་ནས་མི་འདང་བར། ཕྱོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས་པ་རེད། དེར་བརྟེན། ཐེངས་འདིའི་མཚོ་སྐོར་གྱི་གད་སྙིགས་འཐུ་བའི་བྱ་འགུལ་བརྒྱུད་ནས། ང་ཚོས་ཀྱང་མཚོ་སྐོར་གྱི་རིམ་པ་སོ་སོའི་ས་གནས་སྲིད་གཞུང་དང་། མང་ཚོགས། སྤྱི་ཚོགས་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་འགུལ་ཁྲོད་ཞུགས་ཏེ། མཉམ་དུ་མཚོ་སྔོན་པོ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་རེ་འབོད་བཏོན་པ་ཡིན།
 

ལོ་ཙཱ་བ།སྒྲོལ་མ་སྐྱིད།