ད་ལོར་ལྕགས་རྟ་ཞོན་ནས་མཚོ་སྐོར་བྱེད་མཁན་གྱི་མི་འབུམ་ལྔ་ལས་བརྒལ་ཐུབ་རྒྱུ་ཡིན་པ།
2017.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

 ད་ལོའི་དབྱར་མགོ་བཟུང་བ་ན། མཚོ་སྔོན་པོའི་མཐའ་འཁོར་དུ་ལྕགས་རྟ་ཞོན་མཁན་གྱི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ཤན་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། མཚོ་སྐོར་འགྲན་སྡུར་གྱི་ཐོན་ལས་སྦྲེལ་ཐག་གི་རྣམ་པ་ཞིག་ཆེས་ཐོག་མར་གྲུབ་ཅིང་། མཚོ་སྔོན་པོར་བསྐོར་བ་རྒྱག་པ་དེ་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཅུང་རྒྱས་པའི་ལྕགས་རྟ་ཞོན་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། ད་ལོར་ལྕགས་རྟ་ཞོན་ནས་མཚོ་སྐོར་བྱེད་པའི་མི་གྲངས་དེ་འབུམ་ལྔ་ལས་བརྒལ་ཐུབ་རྒྱུ་རེད། 

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་འཕེལ་རྒྱས་དང་བསྟུན་ནས། འགྲན་སྡུར་བྱ་བས་འགྲན་སྡུར་སྔར་ལས་གཙིགས་འཛིན་བྱས་ཏེ། ལུས་རྩལ་དང་། གནས་སྐོར། དངུལ་ལོར། རིག་གནས། སྨྱན་བྱད། ཉོ་ཚོང་སོགས་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་བྱེད་ཚད་གཏིང་ཟབ་དུ་བཏང་ནས། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་དཀྱིལ་སྙིང་ཡིན་པ་དང་། ཆེད་ལས་ཀྱི་ལུས་རྩལ་དང་ཚད་མཐོ་བའི་ལུས་རྩལ་འགུལ་སྐྱོད་གཉིས་རམ་འདེགས་ཡིན་པ། འགྲན་སྡུར་གྱི་བྱ་བ་དང་། འགྲན་སྡུར་བྱེད་ས། གནས་སྐོར་སོགས་ཕྱོགས་བསྡུས་གསར་སྤེལ་འདེགས་སྐྱོར་ཡིན་པའི་འགྲན་སྡུར་གྱི་ཐོན་ལས་མ་ལག་གཏན་ཁེལ་བྱས་ཏེ། མཚོ་སྐོར་འགྲན་སྡུར་གྱི་ཚོང་རྟགས་ཤན་ཤུགས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། མཚོ་སྐོར་ལྕགས་རྟ་འགྲན་སྡུར་ཚན་ཆུང་ཨུ་ཡོན་ལྷན་ཁང་གིས་ད་དུང་རྒྱལ་ནང་གི་ལུས་རྩལ་ཆེད་ལས་ལས་ཁུངས་ལ་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་བྱ་བ་དང་། འབྲེལ་ཡོད་བྱ་འགུལ་རབས་དང་རིམ་པའི་འཁོར་བསྐྱོད་གཙོ་བོ། བྱ་བ་རྒྱ་སྐྱེད་དུ་གཏོང་བའི་ཐད་ནས་འགན་འཁུར་དགོས་པའི་མངགས་བཅོལ་ཡང་གནངས་སྟེ། འགྲན་སྡུར་བྱ་བར་རོགས་སྐྱོར་དང་། དམིགས་བསལ་གྱིས་ལས་གཉེར་བྱེད་ཆོག་པ། བརྒྱུད་གཏོང་དབང་ཆ་ཕྱིར་འཚོང་བྱེད་པ། ལུས་རྩལ་གསོ་སྦྱོང་སོགས་ཀྱིས་གྲུབ་པའི་འགྲན་སྡུར་བྱ་བའི་ཕན་འབྲས་མ་ལག་འཛུགས་སྐྲུན་ལ་ཡར་སྐུལ་བྱས། 

མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱིས་མཚོ་སྔོན་དུ་ལྕགས་རྟ་ཞོན་མཁན་ཇེ་མང་དུ་འགྲོ་བའི་མཐོ་རླབས་ཤིག་འཕྱུར་བར་བྱས་པ་དང་། ལྕགས་རྟ་ཞོན་མཁན་གྱི་མི་གྲངས་ཡང་བསྟུད་མར་ཇེ་མང་ལ་འགྲོ་བཞིན་ཡོད། ད་ལོར། མཚོ་སྐོར་ལྕགས་རྟ་འགྲན་སྡུར་ནང་ཞུགས་མཁན་གྱི་མི་གྲངས་འབུམ་ལྔ་ལས་བརྒལ་ཐུབ་རྒྱུ་རེད། ད་ལྟ་ལྕགས་རྟ་ཞོན་ནས་འཛད་སྤྱོད་བྱས་པའི་ཐོན་རིན་སྒོར་མོ་དུང་ཕྱུར་གཉིས་ལ་སླེབས་པས། མཚོ་སྐོར་ཐོན་ལས་སྦྲེལ་ཐག་གི་རྣམ་པ་ཞིག་ཆེས་ཐོག་མར་གྲུབ། ཚེ་རིང་ཐར་གྱིས་བཤད་རྒྱུར། ད་ལོར་མཚོ་སྐོར་འགྲན་སྡུར་དེ་ཀྲུང་གོའི་ལུས་རྩལ་གནས་སྐོར་ཕུལ་བྱུང་བཅུའི་འགྲན་སྡུར་བྱ་བའི་ནང་བདམས་ཐོན་བྱུང་བ་དང་། ཀྲུང་གོའི་ཆེས་ཤན་ཤུགས་ལྡན་པའི་ལྕགས་རྟའི་འགྲན་སྡུར་དང་ཀྲུང་གོTOP100ལྕགས་རྟ་འགྲན་སྡུར་ཁྲོད་ཕྱོགས་བསྡུས་སྡོམ་སྐར་ཨང་དང་པོ་ཐོབ་ལ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱིས་ཀྲུང་གོའི་ལྕགས་རྟ་ལུས་རྩལ་གྱི་མགོ་ཁྲིད་ནུས་པ་སྲུང་འཛིན་བྱས་ཏེ། ལས་རིགས་ཁག་གིས་མཐོང་ཆེན་དང་བསམ་གཞིགས་བྱེད་སའི་མཚོ་སྐོར་གྱི་རྣམ་པ་ཞིག་གྲུབ་པར་བྱས་པ་དང་། འདི་ནི་མཚོ་སྔོན་དང་། ཀན་སུའུ། ཉིན་ཞ་བཅས་ཀྱི་གཟི་བརྗིད་ཡིན་ལ། རྒྱལ་ཁབ་ཚོང་རྟགས་གྲགས་ཅན་གྱི་གཟི་བརྗིད་ཞིག་ཀྱང་ཡིན། 

ལོ་ཙཱ། ཚེ་རིང་སྒྲོལ་མ།