ཀྲུང་གོའི་ཆེས་མཛེས་པའི་མཚེའུ་སྟེ་མཚོ་སྔོན་པོ་རུ་ཁོངས་ཡོངས་ཡུལ་སྐོར་རིམ་སྤོར་གྱི་སྒོ་འཕར་ཕྱེས།
2017.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

མེ་ཏོག་སྣ་བརྒྱ་མཐོ་སྒང་དུ་ལྷམ་མེར་བཞད་པའི་དབྱར་ཟླ་ལྔ་བ་ནི། མི་རྣམས་ཡུལ་སྐོར་དུ་འགྲོ་བའི་དུས་བཟང་ཡིན། སྐབས་འདིར། ཀྲུང་གོའི་མཚེའུ་ཆེན་པོ་ལྔའི་ཨང་དང་པོ་སྟེ་ཀྲུང་གོའི་ཆེས་མཛེས་པའི་མཚེའུའི་མཚན་སྙན་ཐོབ་པའི་མཚོ་སྔོན་པོ་རུ་ཡང་གོམ་སྟབས་ཆེན་པོས་ཁོངས་ཡོངས་ཡུལ་སྐོར་རིམ་འཕར་གྱི་སྒོ་འཕར་ཕྱེས་ཏེ། མཚོ་སྔོན་གྱི་ལྗོངས་ཁུལ་རྩེ་གྲས་ཀྱི་མཛེས་པ་མ་ལུས་ཡང་བསྐྱར་ངོམ་པའི་དུས་ཡིན།

ཀུན་གྱིས་ཤེས་གསལ་ལྟར། མཚོ་སྔོན་པོ་ནི་མཚོ་སྔོན་མཐོ་སྒང་དུ་ལྷམ་མེར་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན་ལ། ནུབ་རྒྱུད་ཀྱི་བྱེ་ཐང་ཤར་ཕྱོགས་སུ་མཆེད་པར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཡིན་ཞིང་། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན། ཀ་ལྔ་རིམ་པའི་ལྗོངས་ཁུལ་བཅས་ཡིན། དེས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཟིན་པའི་སྐྱེ་ཁམས་དང་ཡུལ་སྐོར་གྱི་རིན་ཐང་ནི་སྨོས་མ་དགོས་པ་ཞིག་ཡིན།

མཚོ་སྔོན་པོ་ནི་རང་ཞིང་གི་ལྗོངས་ཁུལ་རྩེ་གྲས་ཡིན་པའི་ཆ་ནས། མཛེས་སྡུག་གི་མཚོ་སྔོན་གྱི་ཁྱད་ཆོས་མཚོ་སྔོན་པོ་ནས་ཇི་ལྟར་ངོམ་པ་ཡིན་ཞེ་ན། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ལོ་གསུམ་རིང་གི་མཐོར་འདེགས་འགུལ་སྐྱོད་ཇུས་གཞི་དངོས་འབེབས་བཟང་བོ་བྱེད་ཆེད། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཆེད་དུ2017ལོའི་བྱ་བའི་གྲོས་ཚོགས་བསྡུས་ནས། ད་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ཏུ་བསྒྲུབ་རྒྱུའི་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་ཞིབ་ཅིང་ཕྲ་བ་བྱས།

མཚོ་སྔོན་པོའི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དེ་ད་ལོའི་བྱ་བ་གཙོ་བོར་གྱུར་བ་དང་། དེས་མཚོ་སྔོན་པོའི་ཡུལ་སྐོར་དེ་རིམ་སྤོར་གྱི་དུས་སྐབས་ཤིག་ཏུ་སླེབས་པ་ཡང་མཚོན་ཡོད་ལ། རིམ་སྤོར་པར་གཞིའི་མཚོ་སྔོན་པོ་ནི་ཡང་བསྐྱར་དཔུང་ཤུགས་གསར་བར་བརྟེན་ནས་མཛེས་སྡུག་གི་མཚོ་སྔོན་གྱི་གསེར་གྱི་མིང་བྱང་དུ་འགྱུར་སྲིད།

མཚོ་སྔོན་པོའི་མ་འོངས་པའི་འཕེལ་རྒྱས་ཐད་ནས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཏུང་ཅིན་མེན་གྱིས་བཤད་རྒྱུར། མཚོ་སྔོན་པོ་སྲུང་སྐྱོབ་བེད་སྤྱོད་དོ་དམ་བྱ་བ་སྒྲུབ་སྐབས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་དགོས་པ་མ་ཟད། མི་འདང་ས་དང་ཞན་ཆར་ཡང་ཐད་ཀར་དུ་གདོང་གཏོད་དགོས། དཔལ་འབྱོར་གྱི་རྒྱུན་རྣམ་གསར་བའི་འོག་ཏུ། མཚོ་སྔོན་པོའི་སྲུང་སྐྱོབ་བེད་སྤྱོད་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བླང་བྱ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རེ་བ་གསར་བ། མི་དམངས་མང་ཚོགས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བའི་འཛད་སྤྱོད་དགོས་མཁོ་བཅས་དང་བསྡུར་ཚེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་ལས་རིགས་གོ་རིམ་མེད་པར་འཕེལ་རྒྱས་སུ་གཏོང་བའི་བར་གྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་དུ་འགྲོ་བཞིན་ཡོད་པ་དང་། ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་སྣ་ཉུང་བ་དང་འཕེལ་རྒྱས་དོ་མི་མཉམ་ལ། ལྗོངས་ཁུལ་ནང་ནི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་མིན་པ་དང་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཤིང་། ཁེ་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་སྲོག་ཤིང་གི་འགྲན་རྩོད་ནུས་ཤུགས་མི་ཆེ་ཟེར།

གནད་དོན་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ལ། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཡང་ཡིན། ཏུང་ཅིན་མེན་གྱིས་བཤད་རྒྱུར། འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གི་བཀག་རྒྱ་ཡོད་ཚད་ཧུར་ཐག་གིས་སེལ་ནས། འཕེལ་རྒྱས་ཀྱི་གོ་སྐབས་རེ་རེ་སྐྲུན་པ་དང་། གཞན་སྒུལ་དེ་རང་འགུལ་དུ་བསྒྱུར་བ། སྔོན་སྐྱོད་ཀྱི་གོ་སྐབས་བརྩོན་ལེན་བྱས་ཏེ་རྗེས་འཕེལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཚེ། མཚོ་སྔོན་པོ་ཞེས་པའི་གསེར་གྱི་མིང་བྱང་དེའི་མཚན་སྙན་སྔར་ལས་ཇེ་ཆེ་དང་རྣམ་པ་སྔར་ལས་ཇེ་ཡག་ཏུ་གཏོང་ཐུབ་ཟེར།

མཚོ་སྔོན་པོ་ནི་རྒྱལ་ཁབ་ཀྱི་ཀ་ལྔ་རིམ་པའི་ལྗོངས་ཁུལ་ཡིན་ལ། གལ་ཏེ་སྔོན་ཆད་ནི་རབས་བཞི་བའི་དུས་སྐབས་སུ་དཔེ་བླངས་ཚེ། རིམ་སྤོར་བྱས་རྗེས་རབས་ལྔ་པའི་དུས་སྐབས་སུ་སླེབས་པ་ཡིན། ཡིན་ན་ཡང་མཚོ་སྔོན་པོས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཇུས་གཞི་ཅི་ཞིག་ཡིན་ཞེ་ན།

མཚོ་སྔོན་པོའི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་ན། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་དུ་འཛིན་པའི་འདུ་ཤེས་འོག་ཏུ། ཚན་རིག་དང་མཐུན་པའི་འཆར་འགོད་དང་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་པོའི་སྲུང་སྐྱོབ་བཀོལ་སྤྱོད་བྱ་བ་ཧུར་ཐག་གིས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་དང་། ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བྱ་བའི་གནད་ངེས་པར་བྱས་ཏེ། རྨང་གཞིའི་ཞབས་ཞུ་ཆ་ཚང་དུ་གཏོང་བ་དང་། ཡུལ་སྐོར་ཐོན་རྫས་སྐྲུན་པ། ཡུལ་སྐོར་དོ་དམ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བྱེད་པ་སོགས་ཕྱོགས་ལྔའི་ཐད་དུ་འབད་བརྩོན་བྱས་ནས། མཚོ་སྔོན་པོའི་ལྷོ་བྱང་ཁུལ་གྱི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། མཚོ་སྔོན་པོའི་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་དགོས།

རྨང་གཞིའི་ཞབས་ཞུའི་ཆ་ཚང་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་པ་བརྒྱུད་དེ། མཚོ་སྔོན་པོའི་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ཏེ། མཚོ་སྔོན་པོའི་རང་གདམ་ཡུལ་སྐོར་འགྲིམ་འགྲུལ་དང་སྤྱི་པའི་འགྲིམ་འགྲུལ། མཁའ་ལམ། ཆུ་ལམ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྐོར་ལམ་གྱི་ཁར་འཕྲོས་ལམ་དང་དེའི་ཁར་རང་དབང་དྲ་བ་བསྣན་པའི་ལམ་དྲ་གྲུབ་པར་བྱས་ནས། ཡུལ་སྐོར་གྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ལམ་བར་གྱི་དུས་ཚོད་ཐུང་ཞིང་སྤྲོ་གསེང་གི་དུས་ཚོད་རིང་བའི་རྣམ་པ་ཇེ་ལེགས་སུ་གཏོང་དགོས། མཉམ་འབྲེལ་དྲ་སྣོན་གྱི་འཕེལ་རྒྱས་རེ་བར་གང་ལེགས་སྒོས་བསྟུན་ནས། མཚོ་སྔོན་པོ་དེ་ཡུལ་སྐོར་པར་ཞབས་འདེགས་ཞུ་བའི་སྲོག་ཤིང་ཡིན་པའི་ཤེས་རིག་ཡུལ་སྐོར་གྱི་ལྗོངས་ཁུལ་དུ་འཛུགས་སྐྲུན་བྱས་ཏེ། ཞབས་ཞུ་སྟབས་བདེ་བ་དང་ཚོང་གཉེར་གནད་དུ་འཁེལ་བ། དོ་དམ་ཞིབ་ཅིང་ཕྲ་བ་བཅས་མངོན་འགྱུར་བྱེད་དགོས། གད་སྙིགས་གཙང་བཟོ་ར་བ་དང་། བཙོག་ཆུ་གཙང་སྒྱུར་བཟོ་གྲྭ། གད་སྙིགས་བརྒྱུད་འདྲུད་ས་ཚིགས་དང་སྙིགས་སྒམ་སོགས་ཀྱི་སྒྲིག་ཆས་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལྗོངས་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་པའི་སྒྲིག་ཆས་ཕལ་ཆེར་ཡོངས་སུ་ཁེབས་པར་བྱེད་དགོས།

དེ་དང་ཆབས་ཅིག ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་བ་དང་དཀྱིལ་སྙིང་ལྗོངས་ཁུལ་བཞི། མཚོ་སྐོར་ཞང་དང་གྲོང་རྡལ་བཅས་ལ་བརྟེན་ནས། གཅིག་བསྡུས་རླངས་འཁོར་འཇོག་ས་དང་སྣུམ་སྣོན་ས་ཚིགས་ལས་པ་དང་། ལྗོངས་ཁུལ་རྒྱ་བསྐྱེད་དང་མཁར་གྲོང་གི་བགྲོད་ལམ། ཆུ་ཕྱིར་ཕུད་ས། གློག་ཤུགས། དྲོད་འདོན་སྤྲོད། གློག་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱས། འགྲན་རྩོད་རང་བཞིན་ལྡན་པའི་སྒོ་ནས་ཁྱད་ལྡན་དང་ཁྱད་ཆོས་ཡོད་པའི་ཡུལ་སྐོར་ཐོན་རྫས་ལེགས་བཟོ་བྱས་པ་བརྒྱུད། ཧུར་ཐག་གིས་མཚོ་སྔོན་པོའི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱས། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་གངས་འཁྱག་དང་སྐྱེ་ཁམས། དམངས་སྲོལ་སོགས་ཐོན་ཁུངས་ཕྱོགས་བསྡུས་འཁོར་སྐྱོད་བྱས་ཏེ། དགུན་དུས་ཀྱི་ཡུལ་སྐོར་ལས་གཞི་སྔོག་འདོན་བྱས་ནས། སྐྱེ་ཁམས་ལ་བལྟ་བ་དང་རིག་གནས་ཉམས་སུ་མྱོང་བ། ཞིང་སྡེའི་ཡུལ་སྐོར་སོགས་ཐོན་རྫས་གཙོ་བོ་གསུམ་ལྟར། “བདེ་གསོ་དང་སྒར་ས། ཞིབ་འཇུག་རང་བཞིན་གྱི་སྔོན་སྦྱོང་། པར་ལེན། འགུལ་སྐྱོད”བཅས་ཐོན་རྫས་གཙོ་བོ་ལྔ་མཉམ་བསྐྲུན་བྱས་ནས་མཚོ་སྔོན་པོའི་ཐོན་རྫས་མ་ལག་བཙུགས་པ་དང་། དབྱར་ཀ་དང་སྟོན་ཀའི་ཡུལ་སྐོར་རྩོམ་ཡིག་སྲ་བརྟན་དང་ཇེ་མཐོར་བཏང་། མཚོ་སྔོན་པོའི་རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྐྱེ་དངོས་སྣ་མང་རང་བཞིན་ཡོད་པར་བརྟེན་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་འདོན་སྤེལ་བྱས། ཁུ་ནུ་རིག་གནས་དང་ཐང་བོད་གནའ་ལམ་རིག་གནས་སོགས་ལ་དམིགས་ནས། ཡུལ་སྐོར་དང་རིག་གནས་ཐོན་རྫས་གསར་སྤེལ་བྱས་ཏེ། རིག་གནས་ཀྱི་ཁུངས་འཚོལ་བའི་ཡུལ་སྐོར་འདོན་སྤེལ་བྱས།

དེ་དང་ཆབས་ཅིག ད་དུང་འབྲེལ་ཡོད་སྒྲིག་ཆས་ཆ་ཚང་ལེགས་བཅོས་བྱས་པ་དང་། དུས་ཆེན་གྱི་རིག་གནས་མིང་གྲགས་ཐོན་རྫས་མུ་མཐུད་དུ་ལེགས་བཟོ་བྱས་པ། ཁྱད་ལྡན་གྱི་ཟས་རིགས་དང་སྡོད་གནས་ཀྱི་སྣེ་ལེན་ནུས་པ་ཇེ་མཐོར་བཏང་བ། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཉམས་སུ་མྱོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པས། ཡུལ་སྐོར་ཐོན་རྫས་རིམ་པ་སྤར་བ་དང་། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་བཟང་བོ་བྱེད་པ་དང་ཆབས་ཅིག ད་དུང་ནུས་ཤུགས་ཡོད་དགུས་རང་གིས་རླངས་འཁོར་སྐོར་ནས་མཚོ་སྐོར་བྱེད་པ། ཁང་འཁོར། ལྕགས་རྟ། སྒར་བརྒྱབ་ནས་འདུག་པ། རྐང་ཐང་དུ་འགྲོ་བ་སོགས་རྣམ་པ་གསར་བའི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས་ལ། ཡུལ་སྐོར་དོ་དམ་ཞབས་ཞུའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། ཧུར་ཐག་གིས་མཚོ་སྔོན་པོའི་ལྗོངས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། ཡུལ་སྐོར་དོ་དམ་མི་སྣའི་དོ་དམ་ཚད་ལྡན་དུ་གཏོང་བར་ཤུགས་བསྣན་ནས། ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་གཏིང་ཟབ་སྒོས་སྐུལ་འདེད་བྱས་ཏེ། ཧུར་ཐག་གིས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཚོང་རའི་ལྟ་སྐུལ་དོ་དམ་སྔར་ལས་གཟབ་ནན་བྱས་ཏེ། ཁྲིམས་ལྟར་ཡུལ་སྐོར་གྱི་སྒྲིག་ལམ་ལ་གཏོར་བརླག་གཏོང་བ་དང་ཁོར་ཡུག་ལ་གནོད་པ་བཟོ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། ཡུལ་སྐོར་གྱི་འཕེལ་རྒྱས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་དགོས། ཡུལ་སྐོར་གྱི་མ་རྩའི་འཁོར་སྐྱོད་འཇོན་མི་དང་ཡུལ་སྐོར་ཚོང་རའི་ཕྱིར་འཚོང་འཇོན་མི། ཡུལ་སྐོར་ཐོན་རྫས་གསར་སྤེལ་གྱི་འཇོན་མི། ཡུལ་སྐོར་སྣེ་ཤན་འཇོན་མི་བཅས་གསོ་སྐྱོང་བྱས་ཏེ། ཕྱོགས་ཡོངས་ནས་དཔུང་སྡེའི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས། མཚོ་སྔོན་པོའི་མིང་གྲགས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་བྱས་པ་བརྒྱུད། མཚོ་སྔོན་པོའི་སྣང་བརྙན་མུ་མཐུད་དུ་མཐོར་འདེགས་དང་ལེགས་བཅོས་བྱས་ཏེ། མཚོ་སྔོན་པོའི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱས། ཧུར་ཐག་གིས་ཚོང་གཉེར་རྣམ་པ་གསར་སྐྲུན་བྱས་ནས། དྲ་ངོས་དང་པོད་ཆུང་། འཕྲིན་ཕྲན་སོགས་སྨྱན་བྱད་གསར་བར་བརྟེན་ནས་ཡུལ་སྐོར་གྱི་ཁ་ཕྱོགས་བཙལ་ནས། རྣམ་པ་མང་བ་དང་ཆེད་ལས་ཅན་གྱི་དྲ་རྒྱའི་ཉོ་འཚོང་སྤེལ་ཏེ། ཡུལ་སྐོར་བ་མང་པོར་མཚོ་སྔོན་པོ་ཤེས་སུ་འཇུག་པ་དང་། མཚོ་སྔོན་པོར་ལྟ་སྐོར་དུ་ཡོང་བ་དང་ཆབས་ཅིག ད་དུང་རྣམ་པ་ཆེ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། སྨྱན་བྱད་དང་མང་ཚོགས་ཀྱི་གདེང་འཇོག་ཚད་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་པོའི་ཤུགས་རྐྱེན་ཇེ་ཆེར་གཏོང་དགོས།
རོགས་སྐྱོར་སྲིད་ཇུས་སྣ་ཚོགས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ནོར་སྲིད་ཀྱི་སྐུལ་སྤེལ་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་ཆབས་ཅིག ཧུར་ཐག་གིས་ལས་གཞི་ཇུས་འགོད་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་གྱི་ནུས་ཤུགས་ཇེ་ཆེར་བཏང་སྟེ། མ་དངུལ་བསྡུ་སྒྲིག་གི་འབྲེལ་ལམ་མུ་མཐུད་དུ་རྒྱ་བསྐྱེད་དེ། ཧུར་ཐག་གིས་མཚོ་སྔོན་པོའི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།

ད་ལོ་ནས་མགོ་བརྩམས་ཏེ། མཚོ་སྔོན་པོས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་ཁ་གཏད་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་གྱི་བགྲོད་ལམ་སྟེང་མདུན་དུ་བསྐྱོད་བཞིན་ཡོད། གལ་ཏེ་ནམ་མཁའ་གཡའ་དག་པ་དང་མཚོ་མོ་དྭངས་ཤིང་གཙང་བ་བཅས་ནི་ང་ཚོའི་སྣང་བརྙན་ཁྲོད་ཀྱི་མཚོ་སྔོན་པོའི་མཛེས་ལྗོངས་ཡིན་ཚེ། མཚོ་སྔོན་པོའི་མཛེས་ལྗོངས་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་རྒྱུ་ནི་ང་ཚོའི་ལྡོག་མེད་ཀྱི་འོས་འགན་རེད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།