མཚོ་སྔོན་གྱིས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་བཏང་ནས་རྒྱལ་སྤྱིའི་བརླན་ས་གཙོ་བོར་སྲུང་སྐྱོབ་བྱེད་རྒྱུ་རེད།
2017.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་བཏང་ནས་རྒྱལ་སྤྱིའི་བརླན་ས་གཙོ་བོ་གསུམ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། བརླན་ས་སྲུང་སྐྱོབ་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་བརྒྱ་དང་གྱ་བརྒྱད་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་བརླན་ས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་མཱ་ཅན་ཧེ་ཡིས་མཚམས་སྦྱོར་བྱས་ནས་བཤད་དོན། ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནགས་ལས་ཅུའུ་གཉིས་ཀྱིས་བརླན་ས་སྲུང་སྐྱོབ་དང་ཤིང་ནགས་ཀྱི་འདེབས་འཛུགས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གྱི་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་འཆར་འགོད་བརྡ་སྦྱོར་ཞེས་པ་དཔར་ནས་བཀྲམ་ཤིང་། དེའི་ཁྲོད་དུ་མཚོ་སྔོན་གྱི་མཚོ་སྔོན་པོ་རྒྱལ་སྤྱིའི་བརླན་ས་གཙོ་བོར་སྲུང་སྐྱོབ་དང་དེའི་སླར་གསོའི་བཟོ་སྐྲུན་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་རྒྱལ་སྤྱིའི་བརླན་ས་གཙོ་བོར་སྲུང་སྐྱོབ་བྱེད་པ་དང་དེ་སླར་གསོ་བྱེད་པའི་བཟོ་སྐྲུན་ཞེས་པ་གཉིས་ཀྱི་ལས་གཞིར་ཆོག་མཆན་ཐོབ་ནས་དངུལ་གཏོང་འཆར་གཞིའི་ཁྲོད་ཚུད་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གོང་གསལ་ཆོག་མཆན་ཐོབ་པའི་ལས་གཞིར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་འབུམ་གཉིས་ཁྲི་གཅིག་གཏང་རྒྱུ་ཡིན་པ་དང་། འཛུགས་སྐྲུན་ལས་ཡུན་ནི་ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་ཡིན། ཉིས་སྟོང་བཅུ་བདུན་ལོར་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་གཏང་རྩིས་ཡོད་ཅིང་། དེའི་ཁྲོད་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་བྱེ་བ་དྲུག་འདུས་པ་དང་། ས་གནས་མ་དངུལ་ཆ་ཚང་ལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འདུས།

མཱ་ཅན་ཧེ་ཡིས་བཤད་རྒྱུར། མ་དངུལ་གཙོ་བོ་བརླན་སའི་སྐྱེ་ཁམས་སླར་གསོ་དང་སྐྱེ་དངོས་སླར་གསོའི་བཟོ་སྐྲུན། བྱ་རིགས་ཀྱི་སྐྱེ་འཕེལ་ཁོར་ཡུག་ལེགས་བཅོས་གཏོང་བ། བྱ་རིགས་ཀྱི་སྐྱེ་འཕེལ་རྟེན་གཞི་སླར་གསོ་བྱེད་པ། ནད་རིགས་འགོ་བར་ལྟ་སྐུལ་ཚད་ལེན་བྱེད་པ། བྱ་རིགས་ཀྱི་སྐོར་སྐྱོད་ལྟ་སྐུལ་ཚད་ལེན་ས་ཚིགས། དེ་འབྲེལ་གྱི་སྒྲིག་ཆས་འཛུགས་པ་སོགས་ཀྱི་ཐད་གཏོང་འཆར་གཞི་ཡོད་ཟེར། །
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།