བྱ་གླིང་གིས་བྱ་རིགས་ལ་བལྟ་བའི་དུས་སྐབས་བཟང་བོ་བསུས་ཡོང་བ།
2017.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

“གནས་འདི་ནི་ངའི་སེམས་སུ་དྲན་པ་ལས་ཀྱང་མཛེས་སྡུག་ལྡན། མཚོ་སྔོན་པོ་ནི་གནམ་སྔོན་པོའི་དུམ་བུ་ཞིག་སར་ལྷུང་བ་དང་འདྲ་ལ། བརྗིད་ཉམས་ལྡན་པ་ཞིག་རེད། མཚོ་ངོས་སུ་བྱ་རིགས་སྣ་ཚོགས་རང་དབང་གིས་འཕུར་ལྡིང་བྱེད་བཞིན་ཡོད་ལ། མཚོ་འགྲམ་དུ་མི་དང་བྱ་རིགས་འཆམ་མཐུན་མཉམ་གནས་ཀྱི་མཛེས་རིས་བྲིས་ཡོད། བྱ་གླིང་ནི་བྱ་རྣམས་འཚོ་སྡོད་བྱེད་སའི་སྤྲོ་གླིང་རེད།”ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཧི་པེ་ཞིང་ཆེན་གྱི་ཡུལ་སྐོར་བ་རུས་བཱང་ཅན་གྱི་བུད་མེད་ཞིག་གིས་མཚོ་སྔོན་པོའི་བྱ་གླིང་ལྗོངས་ཁུལ་གྱི་ཁྱད་དུ་འཕགས་པའི་མཛེས་ལྗོངས་ལ་བལྟས་ནས་དེ་ལྟར་བཤད། མོ་ནི་མཐོ་འབྲིང་གི་ས་ཁམས་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཐེངས་འདིར་བྱ་གླིང་ནས་མཐོང་བ་ཡོད་ཚད་མོའི་རྗེས་ཕྱོགས་ཀྱི་སློབ་ཁྲིད་ཐད་རོགས་རམ་ཆེན་པོ་ཡོད་ཟེར།

ཚང་མས་ཤེས་གསལ་ལྟར་ན། མཚོ་སྔོན་པོའི་ནུབ་བྱང་དུ་བྱ་གླིང་བྱས་པའི་གླིང་ཕྲན་ཞིག་ཡོད་པ་དང་། ལོ་རེའི་ཟླ་གསུམ་པར། མཚོ་སྔོན་པོའི་དར་འཁྱག་ད་དུང་ཡོངས་སུ་ཞུ་མེད་པའི་སྐབས་དེར། ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱ། ཉ་སྨུག མགོ་སྨུག་ཆུ་བྱ་སོགས་ཆུ་བྱ་མང་པོ་གནས་དེར་ཡོང་བཞིན་ཡོད་ལ། མཚོ་སྔོན་པོ་རུ་འཚོ་སྡོད་བྱེད་མགོ་བརྩམས། སྐབས་དེ་ནས་བཟུང་། བྱ་གླིང་དེ་ཆུ་བྱ་དེ་དག་སྐྱེ་འཕེལ་གྱི་གནས་རུ་གྱུར་ཡོད།

ཟླ་ལྔ་བ་ནས་བཟུང་། བྱ་གླིང་དེ་ལོ་གཅིག་གི་ཁྲོད་ཆེས་སྤྲོ་སྐྱིད་ལྡན་པའི་དུས་སྐབས་སུ་སླེབས་ཡོད་པ་དང་། བྱ་ལ་བལྟ་བའི་དུས་སྐབས་ཆེས་བཟང་བོ་རེད། བྱ་གླིང་ལྗོངས་ཁུལ་དུ་མ་ཐོན་སྔོན། ཐག་རིང་བོ་ནས་ཆུ་རླབས་བརྒྱུད་དེ་མཆེད་ཡོང་བའི་བྱ་རིགས་ཀྱི་སྐད་སྒྲ་རེད། ང་ཚོ་བྱ་གླིང་ལྗོངས་ཁུལ་དུ་ཐོན་པ་ན། མིག་མདུན་དུ་མངོན་པ་ནི་འཆམ་མཐུན་གྱི་རང་བྱུང་གི་གཟུགས་བརྙན་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོ་ཆུ་བྱ་ཁྱབ་ཚུལ་ལ་བལྟས་ན། ལོ་ཧྲིལ་བོའི་ནང་ཁྱབ་པའི་བྱ་རིགས་དགུ་ཡོད་ལ། བྱ་རིགས་དེ་དག་ནི་ཁྲུང་ཁྲུང་བྱ་གག་གཙོ་བོ་ཡིན་པ་དང་། ངང་དཀར་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཡོད། གཞན་ཉ་སྨུག་དང་མགོ་སྨུག་ཆུ་བྱ་ཡོད་པ་དང་། དེའི་ཁྲོད། ངང་དཀར་དགུན་དུས་ཀྱང་མཚོ་སྔོན་པོ་རུ་འཚོ་སྡོད་བྱེད་བཞིན་ཡོད།

ཆུ་བྱའི་ཁྱབ་ཚུལ་གྱི་སྤྱིའི་གནས་ཚུལ་ལ་བལྟས་ན། ལོ་ཧྲིལ་བོའི་ནང་མཚོ་སྔོན་པོ་རུ་དབྱར་དུས་བྱ་རིགས་ཧ་ཅང་མང་ལ། དབྱར་དུས་བྱ་རིགས་མང་བོའི་སྐབས་སྣ་ལྔ་བཅུ་ལྷག་ཡོད་པ་དང་། དབྱར་དུས་ཟླ་ལྔ་བ་ནས་ཟླ་བརྒྱད་པར་སྐྱེ་འཕེལ་བྱེད་བཞིན་ཡོད། དུས་ཚོད་ཀྱི་བར་བརྒལ་ཅུང་རིང་། མཚོ་སྔོན་པོའི་ཆུ་བྱའི་རིགས་ཀྱི་གྲུབ་ཚུལ་དང་དུས་ཚོད་ཀྱི་ཁྱབ་སྟངས་ཐད་ནས། དབྱར་དུས་ཀྱི་བྱ་རིགས་ཧ་ཅང་མང་ལ། གཞན་ད་དུང་དཔྱིད་ཀ་དང་དབྱར་ཁ། སྟོན་ཀ་བཅས་དུས་ཚིགས་གསུམ་དུ་ཆུ་བྱ་ནི་མཚོ་སྔོན་པོར་འཚོ་སྡོད་བྱེད་པའི་བྱ་རིགས་གཙོ་བོར་གྱུར་ཡོད།

མཚོ་སྔོན་པོ་ནི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ཡིན་པ་དང་། ཁྱད་པར་དུ་ཆུ་བྱའི་འཚོ་སྡོད་བྱེད་ས་གཙོ་བོ་ཡིན་པས། ཆུ་བྱ་གནས་སྤོ་བྱེད་པའི་གཙོ་གནད་ནི་སྐྱེ་འཕེལ་གནས་དང་དགུན་བརྒལ་གནས་ལ་མཚོན་ནས་བཤད་ན། མཚོ་སྔོན་པོའི་བརླན་ས་ནི་ཆུ་བྱ་ལ་འདོན་སྤྲོད་བྱས་པའི་འཚོ་སྡོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་གལ་ཆེན་རེད།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཆ་འཕྲིན་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ཧི་ཡོན་ཧྲིན་གྱིས་བཤད་རྒྱུར། བྱ་གླིང་ནི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཡིན་ལ། ལོ་མང་པོའི་རིང་གི་དོ་དམ་དང་སྲུང་སྐྱོབ་ཁྲོད། ཁོ་ཚོའི་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་འདུ་ཤེས་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྐྱེ་ཁམས་ཀྱི་ནུས་པ་དང་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་ཆབས་ཅིག ད་དུང་བརླན་སའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་པ་དང་། མི་རྣམས་ལ་ངེས་ཤེས་དང་རྒྱུས་ལོན། རང་བྱུང་ཁམས་ཆེན་མོའི་སྐྱེ་ཁམས་ཉམས་མྱོང་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་གནས་སྐོར། སྐྱེ་ཁམས་སྤྲོ་གསེང་སོགས་མཐུན་སྦྱོར་གཅིག་གྱུར་བྱེད་དགོས།

ལོ་མང་པོའི་རིང་ལ། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱས་ཏེ་མཚོ་སྔོན་པོའི་བྱ་གླིང་ལྗོངས་ཁུལ་ཇི་ལྟར་ལེགས་བཟོ་བྱས་པ་དང་། མཚོ་སྔོན་པོའི་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་སྔར་ལས་ཇེ་བཟང་དུ་བཏང་ངམ། ཡུལ་སྐོར་ལས་རིགས་ཏེ་ཉི་འོད་ཐོན་ལས་ལྟར་དར་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཡུལ་སྐོར་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་ལྗོངས་ཁུལ་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་བྱེད་བཞིན་ཡོད། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བྱ་གླིང་ལྗོངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ངེས་པར་རང་བཞིན་ནས་རྐང་བཙུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། མི་དང་བྱ་རིགས་འཆམ་མཐུན་མཉམ་གནས་དང་། བྱ་རིགས་ལ་འཚོ་སྡོད་ཁོར་ཡུག་སྔར་ལས་བཟང་བོ་ཞིག་བསྐྲུན་ཆེད་ཡིན།

ད་ལྟ། ང་ཚོ་བྱ་གླིང་གི་བར་འཁྱམ་དུ་བགྲོད་སྐབས། ཤེལ་སྒོ་ལས་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་བྱ་འགུལ་གསལ་བོར་མཐོང་ཐུབ། དབྱར་ཟླ་ལྔ་བ་ཡང་བསྐྱར་ཐོན་ཡོད་ལ། བྱ་རིགས་ལ་བལྟ་བའི་ཆེས་བཟང་བོའི་དུས་ཚིགས་ཡིན་པས། མཚོ་སྔོན་པོའི་བྱ་གླིང་ལྗོངས་ཁུལ་གྱིས་ཁྱེད་རྣམས་མཚོ་སྔོན་པོར་ལྟ་སྐོར་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། བྱ་གླིང་གི་མཛེས་ལྗོངས་ལ་བལྟ་བར་དགའ་བསུ་ཞུ་བཞིན་ཡོད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།