རང་ཞིང་གིས་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྔོ་རེངས་དང་སྐྱ་རེངས་ཀྱི་བརླན་སར་སྲུང་སྐྱོང་ཆེན་པོ་བྱེད་རྒྱུ་རེད།
2017.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

གསར་འགོད་པས་ཞིང་ཆེན་ནགས་ལས་ཐིན་ནས་ཤེས་གསལ་ལྟར་ན། ད་ལོར་རང་ཞིང་གིས་མ་དངུལ་སྒོར་བྱེ་བ་བདུན་ས་ཡ་ལྔ་བཏང་ནས་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས་། མཚོ་སྔོ་རེངས་གསུམ་དུ་ཡོད་པའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གསུམ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞིང་། སྲུང་སྐྱོབ་བྱ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཅིག་ཁྲི་ལྔ་སྟོང་བཞི་ལྷག་ཡོད་པ་རེད།

བརླན་ས་ནི་གོ་ལ་ཟླུམ་པོའི་སྟེང་སྐྱེ་དངོས་སྣ་འཛོམས་ཀྱི་གཏེར་མཛོད་ལྟ་བུར་ཆགས་པས་གནམ་གཤིས་སྙོམ་སྒྲིག་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་ལ་ཕན་ནུས་ཆེན་པོ་འདོན་གྱིན་ཡོད། མིག་སྔའི་བར་དུ་རང་ཞིང་གི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བཞི་ལྷག་ཡོད་ཅིང་། རྒྱལ་ནང་གི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་ལྔ་ལྷག་ཟིན་ནས་རྒྱལ་ཡོངས་ཀྱི་ཡང་རྩེར་བསླེབས་ཡོད་པ་དང་། འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་ཆེ་བའི་སྐྱེ་ཁམས་སྙོམ་སྒྲིག་ཁུལ་ཆེ་ཤོས་རེད།

ཉེ་ལམ་རང་ཞིང་གིས་མཚོ་སྔོན་པོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ལས་གཞི་དང། མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་རྒྱལ་སྤྱིའི་བརླན་ས་གལ་ཆེན་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ལས་གཞི་ཡར་ཞུ་ཞུས་པར་མ་ཟད། ཆོག་མཆན་ཐོབ་ནས་མ་དངུལ་དངོས་འབེབས་ཀྱི་འཆར་གཞིའི་གྲས་སུ་བཞག ལས་གཞི་འདི་གཉིས་ལ་༢༠༡༧ལོ་ནས་༢༠༡༩ལོའི་བར་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་ལྷག་བཏང་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེ་ལས་༢༠༡༧ལོར་མ་དངུལ་སྒོར་བྱེ་བ་བདུན་ས་ཡ་ལྔ་བཏང་ཡོད་ཅིང་། ཀྲུང་དབྱང་གི་སྔོན་རྩིས་ལས་མ་དངུལ་སྒོར་བྱེ་བ་དྲུག་དང་། ས་གནས་ཀྱི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་བཅས་ཡོད། མ་དངུལ་དེ་གཙོ་བོ་བརླན་སའི་སྐྱེ་ཁམས་སླར་གསོ་དང་སྐྱེ་དངོས་སླར་གསོའི་ལས་གཞི། འདབ་ཆགས་རྒྱུད་སྤེལ་ཁོར་ཡུག་ལེགས་བཅོས་དང་བསྐྱར་གསོ། རིམས་ནད་འབྱུང་ཁུངས་ལྟ་ཞིབ་ཚད་ལེན། བྱ་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཚུགས། ཟུར་གཏོགས་སྒྲིག་ཆས་སྒྲིག་བཀོད་སོགས་ཀྱི་ཐད་བཀོད་རྒྱུ་རེད། མིག་སྔར་རང་རྒྱལ་དུ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞེ་དགུ་ཡོད་པ་དང་། དེའི་ཁྲོད་མཚོ་སྔོན་དུ་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས་དང་སྔོ་རེངས་བཅས་གསུམ་ཡོད་པ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།