མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བཞི་བའི་མགོ་རྩོམ་མཛད་སྒོ་སྐུ་འབུམ་བྱམས་པ་གླིང་དུ་བསྡུས།
2017.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཚན་རྩལ་པུའུ། བཟོ་ལས་ཆ་འཕྲིན་པུའུ། ཀྲུང་གོའི་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་ལས་དོན་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱས་ཤིང་། ཀྲུང་གོའི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་དང་ལྷད་མེད་འཕེལ་རྒྱས་ཐེབས་རྩ་ཚོགས་པ། ཀྲུང་གོའི་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་རླངས་འཁོར་བཟོ་སྐྲུན་ཞིབ་འཇུག་ཁང་། ཀྲུང་གོའི་རླངས་འཁོར་དང་འཕྲུལ་རྟའི་བྱ་འགུལ་མཉམ་འབྲེལ་མཐུན་ཚོགས་བཅས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་བཅོ་བརྒྱད་པ་དང་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བརྒྱད་པ་2017ལོའི་ཟླ་6་པའི་ཚེས་18ཉིན་ནས་ཚེས་22ཉིན་བར་མཚོ་སྔོན་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། འགྲན་ཞུགས་གློག་སྒུལ་རླངས་འཁོར་གྱི་རུ་ཁག་གདན་ས་ཆེན་མོ་སྐུ་འབུམ་བྱམས་པ་གླིང་དུ་བསྐྱོད་ནས་བདེ་བླག་སྨོན་འདུན་གྱི་ཆོ་ག་རྒྱ་ཆེར་སྤེལ་བར་མ་ཟད། པེ་ཆི་EC180དང་EX260 EU400 ཀྲུང་ཐེ་E200 རོང་ཝེERX5 ཁྲང་ཨན་ཞིན་པིན་པིན་EV ཏུང་ཧྥིན་E30 པིས་ཡ་ཏིས་EVབཅས་འགྲན་ཞུགས་གློག་སྒུལ་རླངས་འཁོར་བཅུ་ལྷག་སྐུ་འབུམ་དགོན་པའི་མཆོད་རྟེན་ཐང་ཆེན་དུ་གྲལ་ལྟར་སྒྲིག་པ་དང་། འགྲན་ཞུགས་ལས་དོན་གྱི་སྣང་བརྙན་ཕོ་ཉ་ཕན་ཞའོ་ཐིན་དང་མའོ་ཧོས་ལན་སོགས་མིང་གྲགས་ཆེ་བའི་ལུས་རྩལ་པ་དང་རླངས་འཁོར་འགྲན་ཞུགས་པ། འགྲན་ཞུགས་ཚོང་བའི་འཐུས་མི་བཅས་ཀྱིས་2017ལོའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་བདེ་བླག་ཡོང་བར་སེམས་གཏིང་ནས་སྨོན་འདུན་བཟང་བོ་ཞུས།

སྐབས་འདིའི་འགྲན་སྡུར་གྱི་སྣང་བརྙན་ཕོ་ཉ་ཕན་ཞའོ་ཐིན་གྱིས་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། རྗེས་ཕྱོགས་ཀྱི་འགྲན་སྡུར་ལས་དོན་ལ་རེ་སྨོན་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར། མིང་གྲགས་ཆེ་བའི་སྣང་བརྙན་ཕོ་ཉ་དག་གིས་ཐེངས་འདིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་ལ་གསོན་ཤུགས་གསར་བ་ཞིག་བསྣན་པར་མ་ཟད། ཁོ་ཚོ་ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། ནུས་ཁུངས་གསར་བའི་རླངས་འཁོར་ལ་ཧ་ཅང་དགའ། དེ་ནི་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པར་མ་ཟད་ཧ་ཅང་བདེ་འཇགས་ཡིན། གློག་སྒུལ་རླངས་འཁོར་གྱི་འགྲན་སྡུར་ལས་དོན་འདི་ལྟ་བུ་ཞིག་སྤེལ་བ་དེས་ལྷད་མེད་འགྲུལ་བཞུད་ཁྱབ་རྡལ་དུ་གཏོང་བར་སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་དང་། རེ་བ་ཡིན་ན་ཐེངས་འདིའི་འགྲན་སྡུར་བརྒྱུད་ནས་ཀྲུང་གོའི་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་མི་རྣམས་ལ་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་གཏོང་དགོས་ཟེར།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་རྒྱལ་ཁའི་ངང་སྐབས་གསུམ་ལ་སྒྲུབ་ནས་སྤྱི་ཚོགས་ཡོངས་ཀྱིས་བསྟོད་བསྔགས་དང་རླངས་འཁོར་ལས་རིགས་ཀྱིས་ཁས་ལེན་ཚད་མཐོན་པོ་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཕེལ་རྒྱས་གྲུབ་འབྲས་དེ་གཅིག་བསྡུས་སྒོས་སྐོར་སྐྱོད་འགྲེམ་སྟོན་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། 2017ལོའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་ལ་ཞུགས་པའི་རླངས་འཁོར་རིགས་སྣ་ཚོགས་ཀྱིས་ཟླ་6་པའི་ཚེས་20 ཉིན་ནས་བཟུང་དངོས་སུ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབ་དང་ལེན་བྱེད་རྒྱུ་ཡིན་ལ། མཚོ་སྔོན་པོའི་མཐའ་འཁོར་དུ་ཉིན་གསུམ་རིང་ལ་འགྲན་རིམ་དགུ་དང་མཚོ་ངོས་ལས་མཐོ་ཚད་མུས་སྟོང་གཉིས་ནས་སྟོང་གསུམ་དང་བཞི་བརྒྱ་བརྒྱུད་ནས་ལམ་ཐག་སྤྱི་ལེ་བདུན་བརྒྱ་བཅོ་བརྒྱད་ལྷག་གི་འགྲན་སྡུར་སྤེལ་རྒྱུ་རེད། །
 

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།