མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་བཞི་པ་འགོ་བརྩམས་པ།
2017.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 ཟླ6ཚེས20ཉིན། 2017ལོའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་བཞི་པའི་མཚོ་སྐོར་ཚད་ལེན་ཚོད་ལྟའི་འགྲན་བསྡུར་དེ་ཟི་ལིང་དུ་དངོས་སུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲན་བསྡུར་དེ“མཚོ་སྔོན་པོར་ཡུལ་སྐོར་ལ་བསྐྱོད་པ”ཞེས་པ་བརྗོད་དོན་དུ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། འགྲན་བསྡུར་ནང་པེ་ཅིན་རླངས་འཁོར་ཀུང་སིའི་ནུས་རྒྱུ་གསར་པ་དང་། པིས་ཡ་ཏི། ཀྲུང་ཐའེ། ཁྲང་ཨན་སོགས་རྒྱལ་ནང་གི་གློག་སྒུལ་རླངས་འཁོར་ཁྱབ་ཁོངས་ཀྱི་བཟོ་གྲྭ་མང་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཞུགས་ཡོད། མཚོ་སྔོན་པོ་སྐོར་བའི་ཚད་ལེན་ཚོད་ལྟའི་འགྲན་བསྡུར་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་718ལྷག་ཡོད་པ་དང་ཁྱོན་བསྡོམས་འགྲན་བསྡུར་ལམ་དུམ་དགུ་ཡོད་པ་རེད།

འགྲན་སྡུར་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉིན་གསུམ་གྱི་མཚོ་སྐོར་ཚད་ལེན་ཚོད་ལྟའི་འགྲན་བསྡུར་ནང་ཉིན་རེར་ཆ་སྙོམས་ཚད་ལེན་ཚོད་ལྟའི་ལམ་ཐག་སྤྱི་ལེ་230ཡན་ཟིན་པ་དང་། འགྲན་དུམ་གྱི་ཆ་སྙོམས་ས་བབ་མུས2000ཡན་དང་ས་བབ་མཐོ་ཤོས་ལ་མུས3400ལྷག་ཙམ་ཟིན་ཡོད། འགྲན་བསྡུར་ནང་ཞུགས་མཁན་རླངས་འཁོར་གྱིས་རི་མཐོ་ལུང་གཟར་སོགས་ཀྱི་ཚོད་བགམ་མང་པོ་བྱ་རྒྱུ་ཡིན་པས། འགྲན་ཞུགས་ རླངས་འཁོར་གྱི་ནུས་པར་ཕྱོགས་ཡོངས་ནས་ཚད་ལེན་ཚོད་ལྟ་བྱ་རྒྱུར་ཕན་པ་ཡོད།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་དེ2014ལོར་འགོ་བཙུགས་ནས་ད་བར་དུ་སྐབས་གསུམ་སྒྲུབ་པ་དང་། དེ་ནི་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་གྲུབ་འབྲས་ཀྱི་གཅིག་སྡུད་འགྲེམས་སྟོན་སྟེགས་བུ་ཞིག་ཏུ་གྱུར་ཡོད། དེའི་ཚན་རྩལ་དང་། ལྗང་མདོག ཁོར་ཡུག་སྲུང་སྐྱོབ། སྤྱི་ཕན་བཅས་ཀྱི་དཀྱིལ་སྙིང་འདུ་ཤེས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འཚོ་བ་རོལ་སྟངས་ཁྱབ་སྤེལ་བྱེད་པར་ཕན་ཐོགས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།