མཚོ་སྐོར་འགྲན་བསྡུར་ལས་ས་ཚིགས་ཀྱི་འགྲན་བསྡུར་རིམ་པ་ཧྲན་ཏུང་ནས་མཇུག་འགྲིལ་བ།
2017.06.27 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 19

ཟླ6པའི་ཚེས25ཉིན། 2017ལོའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་ལས“ཏའེ་ཀུའུ་ས་ངོས་ཆགས་དབྱིབས”ཅེས་པའི་མེང་དབྱིན་རྫོང་གི་ཡུན་མེང་མཚེའུ་ས་ཚིགས་ཀྱི་འགྲན་བསྡུར་དེ་ཧྲན་ཏུང་ཞིང་ཆེན་གྱི་ལིན་དབྱི་གྲོང་ཁྱེར་མེང་དབྱིན་རྫོང་ཡུན་མེང་མཚེའུ་རྐང་འཁོར་སྤྱི་གླིང་དུ་སྤེལ་བ་དང་། དེ་ནི་སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ལས་ས་ཚིགས་ཀྱི་འགྲན་སྡུར་རིམ་པའི་མཇུག་མཐའི་འགྲན་བསྡུར་རེད། ཟླ7པའི་ཟླ་མགོར། ས་ཚིགས་སོ་སོའི་འགྲན་བསྡུར་ལས་རྒྱལ་བའི་འགྲན་ཞུགས་པ་ཕུལ་བྱུང་རྣམས་ཀྱིས་མཚོ་སྔོན་པོའི་འགྲམ་དུ་མཐའ་མའི་རྒྱལ་ཕམ་ཐག་གཅོད་གྱི་འགྲན་བསྡུར་སྤེལ་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་ནང་སྐྱེས་པའི་གཞུང་ལམ་ཚོ་ཆུང་དང་སྐྱེས་པའི་རི་ཁུལ་ཚོ་ཆུང་། བུད་མེད་རི་ཁུལ་ཚོ་ཆུང་དང་མང་ཚོགས་ཡུལ་སྐོར་ཚོ་ཆུང་། ཚོགས་པའི་ཚོ་ཆུང་བཅས་ལྔ་བཙུགས་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་གི་རྐང་འཁོར་རུ་ཁག་ཉི་ཤུ་དང་ཆེད་ལས་ལུས་རྩལ་པ་ལྔ་བརྒྱ་བཅས་དང་རྐང་འཁོར་ལ་དགའ་མཁན་རྣམས་འགྲན་བསྡུར་ནང་ཞུགས་པ་རེད།

ཡུལ་དངོས་སུ་བུད་མེད་རི་ཁུལ་ཚོ་ཆུང་གི་འགྲན་ཞུགས་པ་ཝང་ཆེན་གྱིས་གསར་འགོད་པར་བཤད་རྒྱུར། 2014ལོའི་དབྱར་ཁར། ཁོ་མོ་གྲོགས་པོ་དང་མཉམ་དུ་མཚོ་སྔོན་པོར་རྐང་འཁོར་བཞོན་ནས་ཡུལ་སྐོར་དུ་སོང་མྱོང་། མཚོ་སྔོན་གྱི་མཛེས་ལྗོངས་ཀྱིས་མི་ལ་བྲལ་མི་འདོད་པའི་མྱོང་ཚོར་ཞིག་སྦྱིན་བྱུང་བས་རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་པ་དག་ཉམས་ལེན་བྱེད་དུ་སོང་ན་འོས་པ་རེད། མཚོ་སྐོར་འགྲན་བསྡུར་གྱི་སྐད་གྲགས་རིམ་བཞིན་མཐོ་རུ་འགྲོ་བ་དང་བསྟུན་ནས་ཁོ་མོས་ཉེ་འཁོར་གྱི་གྲོགས་པོ་དང་མཉམ་དུ་ས་མཐོར་བསྐྱོད་པའི་རྐང་འཁོར་གྱི་སྤྲོ་སྣང་མྱོང་རོལ་བྱས་ན་འདོད་ཟེར།

ཚང་མས་དོ་ཁུར་བྱེད་བཞིན་པའི་མཚོ་སྔོན་གྱི་འགྲན་ཞུགས་པ་མ་ཧའེ་ཅུན་གྱི་སྐྱེས་པའི་གཞུང་ལམ་ཚོ་ཆུང་འགྲན་བསྡུར་ནང་ཨང་བཞི་བ་བླངས་བ་དང་། ཁོས་བཤད་རྒྱུར། རུ་མི་ཆིའུ་ཧའོ་དང་ངེད་གཉིས་ཀྱིས་འགྲན་བསྡུར་ཁྲོད་ཕན་ཚུན་ལ་གཞོགས་འདེགས་བྱས་ནས་ཁོས་ཨང་གཉིས་པ་བླངས་ཤིང་། ང་ཚོའི་རྐང་འཁོར་ཚོ་ཆུང་ཁྲོད་ཀྱི་ན་གཞོན་རུ་མི་གསོ་སྐྱོང་བྱེད་རྒྱུ་དེ་ནི་ངའི་དམིགས་ཡུལ་ཡིན། དེ་རིང་གི་འགྲན་བསྡུར་ནང་ཞུགས་མཁན་གྱི་འགྲན་ཞུགས་པ་མང་པོས་རྒྱལ་ཡོངས་ནས་གྲུབ་འབྲས་བཟང་པོ་བླངས་མྱོང་བ་དང་། རང་གིས་ཨང་བཞི་བའི་གྲུབ་འབྲས་བླངས་བ་དེ་ཧ་ཅང་ཡིད་ཚིམ་ཡོད་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་གྱིས་ཡུན་མེང་མཚེའུ་རྐང་འཁོར་འགྲན་བསྡུར་གྱི་སྤུས་རྟགས་སྔར་བས་གཏོད་པ་དང་། ལུས་རྩལ་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་དང་། སྣོད་བཅུད་ཆུ་སྲུང་དམངས་ཕྱུག་གི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཁབ་རིམ་པའི་རྩེར་སོན་རྣམ་གྲངས་དང་སྲོལ་རྒྱུན་གྱི་ཚད་མཐོའི་འགྲན་བསྡུར་ཆུ་ཚད་ནང་འདྲེན་བྱས་ཏེ་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ལག་ལེན་བསྟར་རྒྱུ་དང་། འགྲན་བསྡུར་ཇུས་འགོད་དང་ཁེ་ལས་གཙོ་བོ་གཉེར་སྐྱོང་བྱེད་པར་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་པ། གསར་གཏོད་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་བཅས་ཇུས་འགོད་བྱས་ཏེ་ལིན་དབྱི་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་རྒྱལ་སྤྱིའི་ཐོག་དང་རྒྱལ་ནང་དུ་ཤུགས་རྐྱེན་ཐེབས་པའི་ལུས་རྩལ་འགྲན་བསྡུར་སྒྲུབ་འགན་འཁུར་བ་རེད།

མེང་དབྱིན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རེན་ཏ་ཕེང་གིས་བཤད་རྒྱུར། མཚོ་སྐོར་འགྲན་བསྡུར་ནི་འགྲན་བསྡུར་གྲགས་ཅན་ཞིག་ཡིན་པ་དང་། ང་ཚོས་ཀྱང་མཚོ་སྐོར་འགྲན་བསྡུར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་མཉམ་ལས་ཡོང་གང་ཐུབ་བྱས་ཏེ་མཚོ་སྐོར་འགྲན་བསྡུར་གྱི་སྤུས་རྟགས་བེད་སྤྱད་དེ་ང་ཚོའི་འགྲན་བསྡུར་གྱི་སྤུས་རྟགས་ནུས་པ་མཐོ་རུ་བཏང་བ་ཡིན། རྗེས་ཕྱོགས་སུ། མེང་དབྱིན་རྫོང་གིས་མཚོ་སྐོར་འགྲན་བསྡུར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་མུ་མཐུད་དུ་མཉམ་ལས་བྱ་རྒྱུ་ཡིན་ལ། རྩ་འཛུགས་དང་འགྲན་བསྡུར་དོ་དམ་ཐད་མཚོ་སྐོར་འགྲན་བསྡུར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་སློབ་སྦྱོང་བྱེད་རྒྱུ་ཡིན་ཟེར།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།