རང་ཞིང་གིས་ལུས་རྩལ་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཉིས་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱས་པ།
2017.07.03 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 15

ལོ་རེའི་ཟླ་བདུན་པ་དང་བརྒྱད་པ་ནི་མཚོ་སྔོན་པོ་ཧ་ཅང་མཛེས་པའི་དུས་ཚིགས་ཡིན་པས། མཚོ་སྔོན་པོར་ལྕགས་རྟར་ཞོན་ནས་ཡུལ་སྐོར་བྱེད་པའི་འགྲུལ་བའང་ཆེས་མང་བའི་དུས་རེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་བརྡལ་ན་གནས་པའི་མདའ་བཞི་ཚོ་བ་ནི་རོལ་རྩེད་དང་ལྕགས་རྟ་གླ་གཏོང་། བཟའ་བཏུང་། སྡོད་གནས། ཡུལ་སྐོར་སོགས་གཞི་གཅིག་ཏུ་འདྲེས་པའི་གནས་སྐྱིད་པོ་ཞིག་ཡིན་སྟབས། དུས་སྐབས་དེར་ཕྱོགས་སོ་སོའི་ཡུལ་སྐོར་བ་མང་པོ་འགུག་བཞིན་ཡོད།

ཉེ་བའི་ལོ་འདི་དག་གི་རིང་། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། རང་ཞིང་གིས་ལུས་རྩལ་དང་ཡུལ་སྐོར། ལུས་རྩལ་དང་རིག་གནས། ལུས་རྩལ་དང་ཚན་རྩལ་སོགས་འབྲེལ་ཡོད་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། མཚོ་བྱང་ཁུལ་མདའ་བཞི་ཚོ་བ་དང་། ཧོར་གྲོང་རྫོང་འཇའ་ཚོན་ཚོ་བ། སྤྲོ་སྐྱིད་རི་གྲོང་། རྐང་ཐང་འགྲན་སྡུར། གངས་འཁྱགས་སྤྲོ་གསེང་འདུ་ཚོགས། གསེར་དངུལ་ཐང་སྤྲོ་སྐྱིད་གླིང་ཀ་སོགས་ཀྱི་ཁྲོམ་ར་འཕེལ་རྒྱས་སུ་བཏང་ནས་ལུས་རྩལ་དང་ཡུལ་སྐོར་སོགས་ཀྱི་ཐོན་ལས་གཏིང་ཟབ་ཀྱིས་མཉམ་འདྲེས་ཡོང་བར་བྱས་ཏེ། ལས་རིགས་འཕེལ་རྒྱས་ཀྱི་སྣེ་འདྲེན་ལྟ་བུར་གྱུར་ཡོད། མདོ་བ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དེ་རང་ཞིང་གི་ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་པོའི་ཡུལ་ཕྱིའི་ལུས་རྩལ་ཡུལ་སྐོར་ནི་རྒྱལ་ཡོངས་ལུས་རྩལ་ཡུལ་སྐོར་རྩེར་སོན་ལྗོངས་ཁུལ་བཅུའི་གྲས་སུ་གཏོགས་ཡོད། རང་ཞིང་གི་ལུས་རྩལ་རྣམ་གྲངས་སོ་དགུ་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་རྩེར་སོན་འོས་སྦྱོར་གྲས་སུ་བདམས་ཐོན་བྱུང་ཟིན། ལུས་རྩལ་དང་རིག་གནས། ཡུལ་སྐོར། ཚོང་དོན་སོགས་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་བཞིན་པའི་སྒང་ཡིན་ལ། ཕན་ཚུན་རོགས་རེས་དང་ཕན་ཚུན་ལ་སྐུལ་སྤེལ་བྱེད་པའི་རྣམ་པ་བཟང་བོ་ཆགས་ཡོད།

སྟེགས་བུ་རྒྱ་ཆེར་བསྐྲུན་ཏེ་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་པ། 

ཞིང་ཆེན་ལུས་རྩལ་ཅུའུ་ཡིས་རྒྱལ་སྤྱིའི་ཚོང་རྟགས་འགྲན་སྡུར་སྣེ་འདྲེན་དུ་བྱས་ནས་རྒྱལ་ཁབ་རིམ་པའི་སྤུས་རྟགས་འགྲན་སྡུར་གཙོ་བོར་འཛིན་པ་དང་། ཞིང་ཆེན་རིམ་པའི་རྣམ་གྲངས་རྐྱང་བའི་འགྲན་སྡུར་སོགས་གཞི་གཅིག་ཏུ་འདུས་པའི་སྟེགས་བུ་བསྐྲུན་པ་མ་ཟད། མང་ཚོགས་འགྲན་སྡུར་ནང་ཧུར་ཐག་གིས་ཞུགས་ཏེ། རང་ཞིང་གི་ཞིང་ཆེན་རིམ་པའི་སྤུས་རྟགས་འགྲན་སྡུར་བརྒྱ་ཕྲག་ལྷག་གཞི་གཅིག་དུ་འདྲེས་པའི་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་བྱེད་སྒོའི་མ་ལག་གྲུབ་པར་བྱས། འགྲན་སྡུར་མ་ལག་གིས་ལས་གཞི་ལྟེ་བར་འཛིན་པ་དང་། སྒྲིག་བཀོད་བྱེད་སྟངས་ལ་རྣམ་པ་མང་བོར་བྱས་ཏེ། མཉམ་འབྲེལ་འགྲན་སྡུར་དང་མུ་འབྲེལ་འགྲན་སྡུར། ཚོང་རྟགས་འགྲན་སྡུར། ཡོངས་ཁྱབ་འགྲན་སྡུར། ལེགས་སྐྱེས་འགྲན་སྡུར། གདན་ཞུ་འགྲན་སྡུར། འགྲན་སློང་འགྲན་སྡུར། ས་ཚུགས་དགར་བའི་འགྲན་སྡུར་སོགས་འདུ། རྐང་རྩེད་སྤོ་ལོ་དང་གཟེབ་གྲུག་སྤོ་ལོ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། མདའ་འཕེན། གཟེབ་འཕེན་སྤོ་ལོ། རི་ལ་འགོ་བ། རྐང་ཐང་། མིག་མངས། ཞབས་བྲོ། གངས་ཤུད་སོགས་མང་ཚོགས་ཆེས་དགའ་བ་དང་ཞུགས་ཚད་ཆེས་མང་བའི་ལུས་རྩལ་རྣམ་གྲངས་ཚུད།

ད་ལོའི་ལོ་མགོར། མཚོ་སྐོར་འགྲན་སྡུར་དེ་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞིའི་དཔེ་སྟོན་ཁུལ་གྱི་ལས་གཞིར་བདམས་ཐོན་བྱུང་། མཚོ་སྐོར་འགྲན་སྡུར་ལོ་མང་རིང་འཕེལ་རྒྱས་བྱུང་བ་བརྒྱུད། རང་ཞིང་གིས་མཚོ་སྐོར་འགྲན་སྡུར་རབ་དང་རིམ་པའི་ཚོང་རྟགས་འགྲན་སྡུར་སྤེལ་རྒྱུ་དེ་མང་ཚོགས་ལུས་རྩལ་དང་རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་དང་རིག་གནས། ཡུལ་སྐོར། ཚོང་དོན། འགྲིམ་འགྲུལ། ཚན་རྩལ་སོགས་གཞན་པའི་ཁྱབ་ཁོངས་དང་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་ཀྱི་མཚོ་སྐོར་རྣམ་པ་གསར་བའི་འགྲན་སྡུར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས། ད་སྔར། ཞིང་ཆེན་ཡོངས་ཀྱི་རྐང་ཐང་འགྲན་སྡུར་ནང་ཞུགས་པའི་མི་གྲངས་་འབུམ་བདུན་ལས་བརྒལ་བ་དང་། ལྕགས་རྟར་ཞོན་པའི་ལུས་རྩལ་ནང་ཞུགས་པའི་མི་གྲངས་འབུམ་ལྔ་ཡོད། མདའ་འཕེན་ལུས་རྩལ་ནང་ཞུགས་པའི་མི་གྲངས་ས་ཡ་གཅིག་དང་སྤོ་ལོ་རིགས་ཀྱི་ལུས་རྩལ་འགྲན་སྡུར་ནང་ཞུགས་པའི་མི་གྲངས་འབུམ་ལྔ། གངས་ཤུད་ལུས་རྩལ་བྱེད་སྒོའི་ནང་ཞུགས་པའི་མི་གྲངས་འབུམ་གཉིས་ལྷག་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་རྐང་ཐང་དང་ལྕགས་རྟར་བཞོན་པ། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་སོགས་ཀྱི་འདུག་གནས་སོ་ལྔ་ཡོད་ཅིང་། རིགས་སོ་སོའི་ལུས་རྩལ་སྦྱོང་བརྡར་གྱི་གསོ་སྦྱོང་དང་། ལུས་རྩལ་སྤྲོ་གསེང་ཁམས་གཡེང་གནས་ལྔ་བརྒྱ་ཉི་ཤུ་ཡོད། ལྕགས་རྟར་ཞོན་པའི་འཛད་སྤྱོད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཉིས་ཟིན་ཡོད། དུས་མཚུངས་སུ། ཡུལ་སྐོར་སྤྲོ་གསེང་དང་ལུས་རྩལ་སྦྱོང་བརྡར། སྨན་བཅོས་འཕྲོད་བསྟེན་བཅས་རྨང་གཞི་ཆེན་པོ་གསུམ་གཙོ་བོ་ཡིན་པའི་གཟུགས་གཞི་བདེ་ཐང་སྟེགས་བུ་བསྐྲུན་པར་སྐུལ་འདེད་བྱས་ཏེ། ཆ་འཕྲིན་སྤེལ་རེས་དང་ཕན་ཚུན་རོགས་རེས་བྱེད་པའི་ལས་སྟེགས་གལ་ཆེན་བསྐྲུན་རྒྱུ་རེད།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།