མཚོ་སྔོན་པོའི་འགྲམ་རྒྱུད་དུ་རི་དྭགས་དགོ་དམར་རིགས་ཁྱུ་མི་གཅིག་པ་བཅུ་གཉིས་རྙེད་པ།
2017.07.04 ཁུངས། ཀློག་གྲངས། 25

ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་ཐེངས་དྲུག་ལ་རྟོག་དཔྱོད་བྱས་པ་བརྒྱུད། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་དྭགས་དགོ་དམར་ཡི་ཁྱབ་ཁོངས་དང་། འཚོ་གནས་ཁོར་ཡུག རིགས་རྒྱུད་ཀྱི་གྲངས་ཀ་མངོན་གསལ་གྱིས་ཇེ་མང་དུ་སོང་སྟེ། འདས་པའི་ལོ་འགའི་རིང་ལ་རིགས་ཁྱུ་བཅུ་ཡོད་པ་ནས་ད་ལྟ་རིགས་ཁྱུ་སྣ་ཁ་བཅུ་གཉིས་ལ་ཇེ་མང་དུ་སོང་བ་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་དྭགས་དགོ་དམར་གྱི་རྒྱུད་སྤེལ་ས་གཙོ་བོ་དང་། ངལ་གསོ་ས་སོགས་བསྡོམས་པས་ས་གནས་བཅོ་ལྔ་ཡོད་ལ། རི་དྭགས་དགོ་དམར་གྱི་གྲངས་ཀ་དེ་སྟོང་ཡས་མས་ལ་སླེབས་ཡོད། 

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་མང་པོར་རྟོག་དཔྱོད་བྱས་པ་གཞིར་བཟུང་ན། ཞིབ་འཇུག་མི་སྣས་མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་དུ་རི་དྭགས་དགོ་དམར་ངལ་གསོ་བྱེད་སའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དང་བཞི་བརྒྱ་ང་དགུ་ཡོད་པ་ཞིག་རྙེད་པ་དང་། རྟོག་དཔྱོད་བྱས་པ་བརྒྱུད། རི་དྭགས་དགོ་དམར་ནི་གཏན་སྡོད་རང་བཞིན་གྱི་སྲོག་ཆགས་ཤིག་ཡིན་ལ། རི་དྭགས་དགོ་དམར་ལ་གནས་སྤོ་བའི་ཁྲོད་རྩྭ་ཟ་བ་དང་། སྡེབ་སྦྱོར། རྒྱུད་སྤེལ་སོགས་བྱེད་པའི་སྲོལ་མེད་པ་རེད། 

མིག་སྔར། མཚོ་སྔོན་པོའི་མཐའ་འཁོར་དུ་ཁྱབ་པའི་རི་དྭགས་དགོ་དམར་རིགས་རྒྱུད་ཕན་ཚུན་བར་ཐག་རིང་བས། རྒྱུད་རྒྱུ་ཕན་ཚུན་བརྗེ་རེས་བྱེད་མི་ཐུབ་པ་དང་། ཚང་མ་ཕན་ཚུན་རྒྱུད་ཉེ་བའི་བར་དུ་སྡེབ་སྦྱོར་བྱེད་པས། གསོན་ཚད་དམའ་བ་དང་། རིགས་རྒྱུད་ཀྱི་གྲངས་ཀ་འཕེལ་ཚད་དམའ་བས། རི་དྭགས་གཙོད་ཀྱི་གྲངས་ཀ་འཕེལ་ཚད་དེར་ཉམས་ཉེན་ཚབས་ཆེན་ཐེབས་ཡོད།

རྟོག་དཔྱོད་བྱས་པ་གཞིར་བཟུང་ན། མིག་སྔར་རི་དྭགས་དགོ་དམར་རིགས་ཁྱུ་བཅུ་གཉིས་པོ་སོ་སོ་ཐེམ་ཆེན་རྫོང་སེང་གེ་ཞང་བུ་ཧ་ཆུ་བོའི་བྱང་འགྲམ་དང་། ཐེམ་ཆེན་རྫོང་མཁར་དམར་ས་ཁོངས། གུང་ཧོ་རྫོང་ཆོས་རྗེ་ཐང་གི་ས་ཁོངས། གུང་ཧོ་རྫོང་ར་བཞི་ཞིང་ཁ་དང་རྒྱ་སྐོར་སྡེ་བ། ཧར་དགེ་ལྕགས་ལམ་བྱང་ཕྱོགས། ཧར་དགེ་ལྕགས་ལམ་གྱི་ལྷོ་ཕྱོགས་ས་ཁོངས། བྱེ་གླིང་། བྱ་གླིང་། ཝ་འཇོག་ལྕགས་ལམ་ལྷོ་ཕྱོགས་དང་ཧར་དགེ་ལྕགས་ལམ་ལྷོ་ཕྱོགས་ས་ཁོངས་སོགས་སུ་ཁྱབ་ཡོད། གོང་གི་ས་ཁོངས་དེ་དག་ཁྲོད། མཁར་དམར་དང་སེང་གེ་ཞང་གཉིས་སུ་ཉིས་སྟོང་བཅུ་གཉིས་ལོའི་སྔོན་ལ་རི་དྭགས་དགོ་དམར་གྱི་རྗེས་ཤུལ་རྙེད་མེད་པ་དང་། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། གོང་གི་ས་ཁུལ་དག་གི་རི་དྭགས་དགོ་དམར་གྱི་གྲངས་ཀ་བརྟན་འཇགས་ངང་ནས་འཕར་མགོ་བརྩམས།  

ལོ་ཙཱ། ཚེ་རིང་སྒྲོལ་མ།