མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དེ་ཀྲུང་གོའི་མཚན་སྙན་ཆེ་བའི་ལྕགས་རྟའི་འགྲན་སྡུར་གྱི་ཨང་རིམ་མཐོན་པོར་བསླེབས་པ།
2017.07.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ལོ་རེར་ཐེངས་རེར་སྤེལ་བའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟའི་འགྲན་སྡུར་དེ་ཟླ་བདུན་པའི་ཟླ་དཀྱིལ་དུ་སྤེལ་རྒྱུ་ཡིན་པ་དང་། འགྲན་སྡུར་ཡག་པོ་ཞིག་སྤེལ་རྒྱུ་དེ་ནི་མཚོ་སྔོན་པོ་དང་། ཐ་ན་མཚོ་སྔོན་ཞིང་ཆེན་ལ་མཚོན་ན། ཕྱོགས་སོ་སོའི་ཡུལ་སྐོར་བ་འགུག་པ་དང་། ཞིང་ཆེན་གྱི་ཡུལ་སྐོར་ལ་སྐུལ་འཁྲིད། བཟའ་བཏུང་སོགས་ཀྱི་ཞབས་ཞུ་ལས་རིགས་གོང་དུ་སྤེལ་བར་དོན་སྙིང་ཆེན་པོ་ལྡན་པ་རེད།

མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དེ་བསྟུད་མར་ལོ་གཉིས་རིང་ལ་ཀྲུང་གོའི་མཚན་སྙན་ཆེ་བའི་ལྕགས་རྟའི་འགྲན་སྡུར་གྱི་ཡང་རྩེར་ཟིན་ནས། རྒྱལ་ནང་གི་ལྕགས་རྟའི་འགྲན་སྡུར་གྱི་སྣེ་ཁྲིད་གནས་བབ་བཟུང་བ་དང་། ལས་རིགས་འདི་མཚོ་སྐོར་གྱི་གཟུགས་བརྙན་ལྟ་བུར་གྱུར་བར་མ་ཟད། རྒྱལ་ནང་དང་ཐ་ན་གླིང་ཆེན་ཨེ་ཤ་ཡའི་རིམ་པ་མཐོ་ཤོས་ཀྱི་འགྲན་སྡུར་ཞིག་ཏུ་གྱུར་ཡོད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་སྡུར་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟའི་བར་དུ་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དེ་ཆེད་ལས་ཀྱི་ཨང་དང་པོ་དང་། དམངས་ཡོངས་རང་བཞིན་གྱི་ཨང་དང་པོ། དགའ་བསུ་ཐོབ་ཚད་ཨང་དང་པོ་བཅས་དང་པོ་གསུམ་ནས་སྐབས་བཅོ་ལྔ་བསྡུས་པ་དང་། ༢༠༡༦ལོར་རྒྱལ་ནང་ནས་སྤེལ་བའི་ལྕགས་རྟ་འགྲན་སྡུར་ཆེ་ཤོས་༢༠༠ཡི་ཨང་དང་པོར་ཟིན་ནས། བསྟུད་མར་ལོ་གཉིས་ལ་རྒྱལ་ནང་གི་ལྕགས་རྟ་འགྲན་སྡུར་གྱི་རིམ་པ་མཐོ་བའི་མཚན་སྙན་ཐོབ། འདི་ནི་མི་དམངས་ལུས་རྩལ་དང་། མི་དམངས་དྲ་བའི་གླེང་ཕྱོགས་ལྟ་སྐུལ་ཚད་ལེན་ཁང་གིས་འགྲན་སྡུར་གྱི་ཆེད་ལས་ངོ་བོ་དང་། གླེང་ཕྱོགས། ནང་ཞུགས་ཀྱི་གནས་ཚུལ་བཅས་ཚད་ཐིག་གསུམ་ཕྱོགས་གཅིག་ཏུ་བསྡུས་ནས་དཔྱད་འདེམས་བྱས་པའི་ཁྲོད། ཨང་དང་པོ་ནས་བརྒྱའི་བར་གྱི་འགྲན་ཞུགས་པར་སྡོམ་རྩིས་བྱས་ནས་བསྒྲགས་པ་ཞིག་རེད།

ཤེས་གསལ་ལྟར་ན། ༢༠༡༦ལོའི་མཚན་སྙན་མཐོ་བའི་ལྕགས་རྟའི་འགྲན་སྡུར་གྱི་ཨང་རིམ་ལ་བལྟས་ན། མཚན་སྙན་མཐོ་བའི་ལྕགས་རྟའི་འགྲན་སྡུར་ཇེ་མང་ནས་ཇེ་མང་ཡིན་ལ། འགྲན་སྡུར་གྱི་བྱང་ཚད་ལ་ཡང་ངོ་བོའི་ཆ་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འགྲན་སྡུར་གྱིས་ཡུལ་སྐོར་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འཁྲིད་ཆེན་པོ་བྱེད་ཐུབ་པར་མ་ཟད། ལྷག་པར་དུ་འགྲན་སྡུར་གྱི་གླེང་ཕྱོགས་ཀྱིས་ཐད་ཀར་སྨྱན་བྱད་ཀྱི་དྲིལ་སྒྲོག་ནུས་པ་འདོན་སྤེལ་དང་། རིམ་བཞིན་འགྲན་སྡུར་གྱི་མཚན་སྙན་ཡང་ཇེ་ཆེར་གཏོང་ཐུབ་པ་རེད།

ཉེ་བའི་ལོ་འདི་འགར། མཚོ་སྐོར་འགྲན་སྡུར་སོགས་འགྲན་སྡུར་ཆེས་ཤོས་མང་པོ་ཞིག་གི་འཁྲིད་སྟོན་འོག་ཏུ། ལྕགས་རྟའི་འགྲན་སྡུར་དེ་རིམ་བཞིན་དམངས་ཡོངས་ཀྱི་ལུས་པོ་སྦྱོང་བརྡར་བྱེད་པའི་ལུས་རྩལ་གྱི་རྣམ་པར་ཆགས་པ་དང་། ནང་སྒོས་སུ་ན་ནིང་ནས་བཟུང་མཚོ་སྐོར་འགྲན་སྡུར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་མཉམ་འབྲེལ་འགྲན་སྡུར་གསར་དུ་བཙུགས་ཏེ། མཚོ་སྐོར་འགྲན་སྡུར་གྱི་བར་གསེང་དེ་རྒྱ་ཇེ་ཆེ་དང་ལམ་ཐག་ཇེ་རིང་དུ་བཏང་ནས་འགྲན་སྡུར་གྱི་མཚན་སྙན་སྔར་ལས་ཇེ་ཆེར་བཏང་པ་དང་། དམངས་ཡོངས་ཀྱི་ལུས་པོ་སྦྱོང་བརྡར་གྱི་འདུ་ཤེས་ཀྱང་སྔར་ལས་ཇེ་དྲག་ཏུ་བཏང་། མིག་སྔར་མཚོ་སྐོར་འགྲན་སྡུར་སྐབས་བཅུ་དྲུག་པར་གྲ་སྒྲིག་བྱེད་པའི་མཐའ་མཇུག་གི་དུས་སུ་ཐོན་ཡོད་ཅིང་། འབྲེལ་ཡོད་གྱི་འགྲན་སྡུར་ཡང་སྔ་གཞུག་ཏུ་མགོ་བརྩམས་པ་དང་། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ལྗང་མདོག་དང་། འཆམ་མཐུན་བཅས་གྱི་འགྲན་སྡུར་བརྗོད་གཞིར་ཡང་ཡང་ཞིབ་འཇུག་བྱས་ཏེ། འགྲན་སྡུར་ལ་བརྟེན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་འབྲེལ་འདྲིས་ལ་ཤུགས་སྣོན་དང་། མངའ་ཁོངས་བར་གྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད། ས་ཁུལ་གྱི་མཚན་སྙན་ཇེ་ཆེར་གཏོང་བར་སྐུལ་འཁྲིད་བྱེད་ཐུབ་པ་བཅས་ལོ་བརྒྱའི་མཚོ་སྐོར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་དང་། ལྕགས་རྟའི་འགྲན་སྡུར་གྱི་མཚན་སྙན་ཆེ་བའི་ཞིང་ཆེན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་བར་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།