2017ལོའི་སྐབས་བཅུ་བའི་མཚོ་སྔོན་པོའི་གསེར་ཉ་ཚེ་ཐར་གཏོང་བའི་དུས་ཆེན་གྱི་འགོ་ཚུགས་པ།
2017.07.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 ཟླ7པའི་ཚེས5ཉིན། “མི་རིགས་མཐུན་སྒྲིལ་གྱིས་འཆམ་མཐུན་ལ་སྐུལ་འདེད་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱིས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ” བརྗོད་གཞི་ཡིན་པའི་སྐབས་བཅུ་པའི་མཚོ་སྔོན་པོའི་གསེར་ཉ་ཚེ་ཐར་གཏོང་བའི་དུས་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི“གསེར་ཉའི་ཁྱིམ་གཞི”རུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཚོ་བྱང་ཁུལ་སྲིད་གཞུང་གིས་གཙོ་གཉེར་དང་། རྐང་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་རེད། བྱ་འགུལ་གྱི་ཡུལ་དངོས་སུ་ཚོགས་ཞུགས་སྐུ་མགྲོན་དང་། ཡུལ་གཞན་གྱི་གནས་སྐོར་བ། དེ་མིན་ད་དུང་མང་ཚོགས་ཁྲི་ལྷག་ཙམ་གྱིས་གསེར་ཉ་འབུམ་དྲུག་འོམ་ཆུ་ནང་ཚེ་ཐར་དུ་བཏང་། ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་གསེར་ཉ་བྱེ་བ་གཅིག་ས་ཡ་གཅིག་ཚེ་ཐར་དུ་བཏང་ཡོད་པ་རེད།

རྐང་ཚ་རྫོང་གིས་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རྐང་ཚའི་ཁྱད་དུ་འཕགས་པའི་རིག་གནས་གནས་སྐོར་ཐོན་ཁུངས་འགྲེམས་སྟོན་བྱེད་པ། བོད་གྲོང་རྐང་ཚའི་རིག་གནས་གནས་སྐོར་གྱི་ཚོང་རྟགས་བསྐྲུན་པ་དང་ལས་བཟོ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ད་ལོའི་གསེར་ཉ་ཚེ་ཐར་གཏོང་བའི་དུས་ཆེན་སྟེང་ད་དུང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་རོལ་དབྱངས་འདུ་ཚོགས་དང་། མི་སྟོང་གི་སྐོར་བྲོའི་འགྲན་བསྡུར་ཆེན་མོ། ལ་གཞས་འགྲན་བསྡུར། རྟ་རྒྱུག་སོགས་རྣམ་གྲངས་མང་པོ་བཙུགས་ཡོད་ལ། རྐང་ཚ་རྫོང་གི་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་དང་ཡུལ་སྲོལ་གོམས་གཤིས་དེ་དུས་ཆེན་གྱི་ཐོག་མཐའ་བར་གསུམ་དུ་སྦྲེལ་ཡོད་པར་བརྟེན་བརྗོད་གཞི་མངོན་གསལ་ཡིན་ལ་ནང་དོན་ཕུན་སུམ་ཚོགས་པ། ཁྱབ་རྒྱ་ཆེ་བས་ས་གནས་ཁག་གི་གནས་སྐོར་བར་ལྟད་མོ་གྱ་ནོམ་པ་ཞིག་བཀྲམས་པ་དང་ཆབས་ཅིག་ཏུ། སྤྱི་ཚོགས་ཡོངས་ཀྱིས་ཉ་ལས་སོགས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཇེ་ཆེར་གཏོང་བ་དང་། མི་རིགས་ཀྱི་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་རྫོང་འཛུགས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།