ལིག་ཉིན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་དྲུག་པའི་བརྟན་འཇགས་དང་བདེ་སྲུང་བྱ་བར་འགན་སྲུང་བྱེད་དགོས་ཚུལ་བསྟན་པ།
2017.07.10 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 16

རང་ཞིང་གིས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་དྲུག་པའི་བརྟན་འཇགས་དང་བདེ་སྲུང་བྱ་བའི་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ལ་རྒྱལ་སྤྱི་དང་རྒྱལ་ནང་ན་ཤུགས་རྐྱེན་ཆེན་པོ་དང་སྙན་གྲགས་ཆེན་པོ་རྒྱས་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་མཐོང་ཆེན་བླ་མེད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་ཐེངས་དུ་མར་མཛུབ་སྟོན་བྱས་ཏེ། འགྲན་སྡུར་བྱ་བ་བདེ་ལེགས་ངང་སྤེལ་བར་བླང་བྱ་གང་མང་བཏོན། སྔོན་ཆད་ཀྱི་བྱ་བའི་ཉམས་མྱོང་བསྡུ་ལེན་དང་དེར་སྤྱི་བསྡོམས་བྱས་ནས། འགན་འཁྲིའི་འདུ་ཤེས་མཐོན་པོ་ཞིག་དང་ནོར་འཁྲུལ་སྤུ་ཙམ་ཡང་མེད་པའི་བྱེད་ཕྱོགས་ལྟར། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་བརྟན་འཇགས་དང་བདེ་སྲུང་བྱ་བའི་འོས་འགན་ཡོངས་འགྲུབ་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་རེད།

ལིག་ཉིན་གྱིས་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་གྱིས་སྒྲུབ་བཞིན་པའི་རྒྱལ་སྤྱིའི་མིང་གྲགས་ཅན་གྱི་བྱ་འགུལ་ཞིག་ཡིན་པ་དང་། མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་གྱི་མཛེས་སྡུག་ཕྱིར་ངོམ་སའི་ཚོང་འགུག་ཐོན་རྫས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་མི་དམངས་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་གོ་གནས་མངོན་གསལ་སྒོས་ཇེ་མཐོར་བསྟད་དེ། ལོ་བརྒྱའི་མཚོ་སྐོར་ཞེས་པའི་འཐབ་ཇུས་མིང་གྲགས་ཇེ་ཆེར་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་བཏང་མཐར། རྒྱུན་མ་ཆད་པའི་སྒོ་ནས་བརྟན་འཇགས་དང་བདེ་སྲུང་གི་ཆུ་ཚད་དང་ནུས་པ་མངོན་གསལ་སྒོས་མཐོར་འདེགས་གཏོང་དགོས་ཟེར།

ལིག་ཉིན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་པ་དང་རྒྱལ་ཁབ་ལ་དོན་ཆེན་དང་དོན་བཟང་མང་དུ་འབྱུང་བཞིན་ཡོད་ཅིང་། དེར་བསྟུན་ནས་མཚོ་སྔོན་ལའང་དོན་བཟང་མང་པོ་བསྟུད་མར་འབྱུང་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བ་ད་ལོའི་ལོ་སྨད་ལ་བསྡུ་འཆར་ཡོད་པས། དེས་མཚོ་སྔོན་གྱི་བརྟན་འཇགས་དང་བདེ་སྲུང་གི་བྱ་བར་བླང་བྱ་ནན་མོ་བཏོན་ཡོད་པ་དང་། ས་གནས་སོ་སོས་ངེས་པར་དུ་ཁོངས་གཏོགས་དོ་དམ་གྱི་རྩ་དོན་ལྟར་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་ཏུ། སྲིད་གཞུང་གིས་སྣེ་ཁྲིད་དང་སྤྱི་བདེ་ཡིས་གཙོ་ཁྲིད་བྱེད་པ། སྡེ་ཁག་ཚང་མས་མཉམ་འགོག་དང་མཉམ་དུ་ཚོད་འཛིན་བྱེད་པའི་རྣམ་པ་སྟོབས་ལྡན་ཞིག་གྲུབ་པར་བྱེད་དགོས། འགྲན་སྡུར་མ་གཞི་བདེ་འཇགས་ཀྱི་སྒོ་ནས་བསྒྲུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་པ་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤྱི་བའི་བདེ་འཇགས་བྱ་བ་སྟོབས་ལྡན་ཅན་དུ་བསྒྱུར་ནས། གནས་ཚུལ་དང་ཆ་འཕྲིན་དུས་ལྟར་བསྡུ་ལེན་བྱེད་དགོས་པར་མ་ཟད། མི་སྣ་གཙོ་བོར་དམིགས་བསལ་དོ་དམ་དང་ཚོད་འཛིན་བྱེད་པ། སྤྱི་ཚོགས་ཀྱི་སྟེང་ནས་སྐོར་ཞིབ་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྤེལ་བ། ཉེན་ཁ་ཆེ་བའི་དངོས་ཟོག་ལ་ལྟ་སྐུལ་དོ་དམ་བྱེད་པ། འགྲིམ་འགྲུལ་མེ་འགོག་བདེ་འཇགས་དོ་དམ་དང་ཆེད་དམིགས་ལེགས་སྒྲིག་སོགས་ཀྱི་བྱ་བ་ཡར་ལྡན་དུ་སྤེལ་ནས། ཁ་མིན་དོན་གྱིས་བདེ་འཇགས་ཉེན་འགོག་སྐོར་གྱི་དོན་རྐྱེན་སྔོན་འགོག་བྱེད་དགོས་ཟེར། བདེ་སྲུང་སྐོར་གྱི་འགན་ཁུར་བ་གཙོ་བོས་ཡུལ་དངོས་ལ་ལྟ་རྟོག་དང་གཙང་བཤེར། ཐབས་ཇུས་གཏན་འབེབས་བཟོ་བ། རྐྱེན་ངན་ལ་རྩད་གཅོད་བྱས་ཏེ་དུས་ལྟར་བར་ཆད་སེལ་བ་དང་། ལེགས་སྒྲིག་གནད་དོན་སོགས་ཀྱི་ལས་རིམ་སོ་སོ་གཏིང་ཟབ་ཏུ་སྤེལ་ནས། རྩ་འཛུགས་འགོ་ཁྲིད་འགྱུར་མེད་སྟོབས་དང་ལྡན་ཞིང་བྱ་བའི་བྱེད་ཕྱོགས་དངོས་འབེབས་བྱས་པ་དོན་འཁྱོལ་བྱེད་པ། ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ལས་རིམ་ཞིབ་ཚགས་ཅན་དུ་གཏོང་བ་བཅས་ལ་འབད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཀྱིས་འགྲན་སྡུར་བྱ་བར་གྲ་སྒྲིག་གང་ལེགས་བྱས་ཏེ། བརྟན་འཇགས་དང་བདེ་སྲུང་སོགས་ཀྱི་གནས་ཚུལ་སྐོར་ནས་བྱ་བའི་སྙན་ཞུ་ཕུལ་བ་རེད།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།