མཚོ་སྔོན་ཉ་ལས་དོ་དམ་ས་ཚིགས་ཀྱིས་ཁྲིམས་དང་འགལ་ནས་གསེར་ཉ་ལྐོག་འཚོང་རྒྱག་པའི་གྱོད་གཞི་ཞིག་རྩད་ཆོད་པ།
2017.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཉེ་ལམ། ཁྲིམས་འཛིན་མི་སྣས་ཧོང་ཀྲུང་རྫོང་རྡོ་པ་གྲོང་རྡལ་ཡུལ་ལྷ་གྲོང་ཚོ་ནས་ཁྲིམས་དང་འགལ་ནས་གསེར་ཉ་ལྐོག་འཚོང་རྒྱག་པའི་གྱོད་གཞི་ཞིག་རྩད་ཆོད་དེ། ཁྲིམས་འགལ་དོགས་ཡོད་ཉེས་ཅན6བཟུང་བ་དང་གསེར་ཉ་སྤྱི་རྒྱ་སྟོང་གཅིག་ཆིག་བརྒྱ་བཅོ་ལྔ་ཕྱིར་བླངས།

གསེར་ཉ་ནི་མཚོ་སྔོན་པོ་ཁོ་ནར་ཡོད་པའི་ཉ་རིགས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཤིང་། 2004ལོར«ཀྲུང་གོའི་སྲོག་ཆགས་རིགས་ཀྱི་མིང་གཞུང་དམར་པོའི་» གྲས་སུ་བཀོད་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་འབྲེལ་ཐག་ཁུལ་ཡོངས་སུ་གོ་གནས་གལ་ཆེན་བཟུང་ཡོད་ལ། དེ་ནི་ཆུ་དང་། འདབ་ཆགས། ཉ་བཅས་མཉམ་དུ་འཚོ་སྡོད་བྱེད་པའི་སྐྱེ་ཁམས་མ་ལག་དང་དེ་མིན་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད།

ལོ་རེའི་ཟླ་དྲུག་པ་དང་བདུན་པར་གསེར་ཉ་མང་པོ་བ་ཚྭ་མེད་པའི་ཆུའི་ནང་ཉ་ཕྲུག་རྩེབས་པར་འགྲོ་བ་དེས་གསེར་ཉ་ལྐོག་འཛིན་བྱེད་མཁན་ལ་གོ་སྐབས་སྤྲད་པ་རེད། མཚོ་སྔོན་པོའི་འབབ་རྒྱུད་རྒྱ་ཆེ་ལ་ཆུ་ཕྲན་མང་བ་དང་མཚོར་སྐོར་ཞིབ་བྱེད་པའི་ལས་འགན་ལྕི། ཉེ་བའི་ལོ་ཤས་རིང་གསེར་ཉ་ལྐོག་འཛིན་གྱི་བྱེད་ཐབས་མང་ཞིང་ཁུངས་སྣེ་ཡང་རྙེད་དཀའ་བར་བརྟེན་ལྟ་སྐུལ་དོ་དམ་བྱེད་མཁན་ཚོར་དཀའ་ཁག་མི་ཉུང་བ་ཞིག་བཟོ་བཞིན་ཡོད།
ཁྲིམས་འཛིན་མི་སྣས་ཉེ་བའི་ཟླ་གཅིག་གི་རིང་དུས་ངེས་མེད་དུ་སྒུག་སྡོད་དང་མྱུལ་ཞིབ་བྱས་ནས་གསེར་ཉ་ལྐོག་འཛིན་བྱེད་མཁན་གྱི་སྡོད་གནས་གཏན་འཁེལ་བྱུང་རྗེས་མྱུར་དུ་འཛིན་བཟུང་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་ཉ་ལས་དོ་དམ་ས་ཚིགས་ཉ་ལས་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཀྲེ་ཡུང་ཧུའེ་ཡིས་བཤད་རྒྱུར། ཐེངས་འདིར་མེད་པར་བཟོས་པའི་གསེར་ཉ་ལྐོག་འཛིན་བྱེད་མཁན་གྱི་སྡོད་གནས་དེ་གྲོང་ཁྱེར་དང་བར་ཐག་ཅུང་རིང་བའི་གྲོང་ཚོ་ཞིག་ཏུ་ཡོད་པ་དང་། དེ་ནི་ཉ་རིགས་ལྐོག་འཛིན་དང་། ལྐོག་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ནག་ཉེས་རྩ་འཛུགས་ཤིག་རེད། ཁྲིམས་འཛིན་མི་སྣར་གཡོལ་ཆེད་དོགས་ཡོད་ཉེས་ཅན་དེ་དག་གིས་ཐོ་རེངས་དུས་སུ་གསེར་ཉ་ལྐོག་འཛིན་བྱས་པ་རེད། ཁོ་ཚོས་ཉ་རྒྱ་བཀྲམ་པ་དང་བསྡུ་བར་ཆུ་ཚོད་བཞི་ལས་མི་འགོར་བར་མ་ཟད། ཉ་རྒྱ་བསྡུས་རྗེས་མཚོ་འགྲམ་དུ་ཉ་མི་བསྡུ་བར་ཐད་ཀར་ཡུལ་ལྷ་གྲོང་ཚོར་བསྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་རེད་ཟེར།

མཚོ་སྔོན་ཞིང་ཆེན་ཉ་ལས་དོ་དམ་སྤྱི་ཁྱབ་ས་ཚིགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་བའི་ལོ་འདི་འགར་མཚོ་བཀག་ཉ་གསོ་དང་། གསོ་སྤེལ། ཁྲིམས་དང་འགལ་ནས་གསེར་ཉ་ལྐོག་འཛིན་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། 2016ལོའི་ལོ་མཇུག་བར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི་བདུན་ལྷག་ལ་བསླེབས་པ་དེ2002ལོའི་སྲུང་སྐྱོབ་བྱས་མ་ཐག་པའི་ཏུན་སྟོང་གཉིས་ལྔ་བརྒྱ་གོ་གཉིས་ལས་ལྡབ་ཉེར་བདུན་ལྷག་ཙམ་འཕར་ཡོད་པ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།