མཚོ་སྔོན་པོའི་ལྗོངས་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བྱེད་ཐབས་མང་པོ་བེད་སྤྱད་ནས་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་བྱ་བ་གཏིང་ཟབ་ཏུ་སྤེལ།
2017.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་དུ་ཤུགས་བསྣན་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས“ཚོང་རར་དོ་དམ་བྱེད་པ་དང་། ཉེས་ཅན་ལ་རྡུང་རྡེག་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང”བཅས་ཀྱི་རྩ་དོན་གཞིར་ནས། “ཆེད་གཉེར་བྱ་བའི་ལམ་ལུགས་དང་ཚོང་རའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ། སློབ་གསོའི་ཁས་ལེན་ལམ་ལུགས། མཐུན་སྦྱོར་ཟུང་འབྲེལ་ལམ་ལུགས”བཅས་ལ་བརྟེན་ནས། འགྲོ་རྒྱུག་ཁྱབ་ཁོངས་ལས་སྣོན་དང་ཁྲིམས་འགལ་གྱིས་གསེར་ཉ་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ལོ་རེ་བཞིན་མཚོ་བཀག་ཉ་གསོ་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བ་མུ་མཐུད་ཇེ་བཟང་དུ་གཏོང་བའི་རྨང་གཞིའི་སྟེང་། ད་ལོར་གཤམ་གྱི་བྱ་བ་འགའ་གཙོ་གནད་དུ་བཟུང་ནས་བསྒྲུབ།

གཅིག་ནི་རྩ་འཛུགས་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ། ཆེད་གཉེར་བྱ་བའི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ། ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཆེད་གཉེར་བཅོས་སྐྱོང་བྱ་བའི་གལ་ཆེན་རང་བཞིན་གྱི་ངོས་ཟིན་ཇེ་མཐོར་བཏང་ནས། གོང་ནས་འོག་ཏུ་མགོ་ཁྲིད་གཙོ་བོས་འགན་གཙོ་བོ་ཁུར་བ་དང་། ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་བྱེ་བྲག་གི་བྱ་བ་འཛིན་པ། ལས་སྒོ་ཚན་ཁག་གིས་ཁ་གཏད་མཛུབ་སྟོན་བྱེད་པ། གཞི་རིམ་ཚོང་རའི་ལྟ་སྐུལ་དོ་དམ་ཁང་གིས་འཁོར་རྒྱུག་ལམ་ལུགས་དངོས་འབེབ་བྱས། དུས་ཐོག་ཏུ་བྱ་བའི་བྱེད་ཐབས་གཏན་འཁེལ་བྱས་ཏེ། མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། གསེར་ཉའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཆེད་སྤྱོད་དག་ཐེར་བྱ་བའི་དངོས་འབེབ་གནས་ཚུལ་ལྟ་སྐུལ་སློབ་སྟོན་བྱས་ནས། ཆེད་གཉེར་དག་ཐེར་བྱ་བ་གཏིང་ཟབ་ཏུ་སྤེལ་པར་སྐུལ་འདེད་བྱས་པ་དང་། ཕན་ནུས་ཡོད་པའི་སྒོ་ནས་བདག་གཉེར་མཁན་དང་འབྲེལ་ཡོད་ལས་ཞུགས་མི་སྣའི་ཁྲིམས་སྲུང་འདུ་ཤེས་ཇེ་མཐོར་བཏང་།

གཉིས་ནི་ལྟ་སྐུལ་དོ་དམ་ནས་མགོ་བརྩམས་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་། མཚོ་སྐོར་ས་ཁུལ་གྱི་གླང་ཆེན་མཆེ་བ་རུའི་ལྗོངས་ཁུལ་དང་བྱ་གླིང་ལྗོངས་ཁུལ། བྱེ་གླིང་ལྗོངས་ཁུལ། རིག་སྨོན་གཞུང་། ཅང་ཤེས་ཁུག རྟ་ནག་མ། ཁྱོན་རྒྱས། ཅུར་མིན། ཝ་འཇོག་ཞང་བཅས་ལྟ་སྐུལ་དོ་དམ་ས་ཁུལ་གཙོ་བོར་བཟུང་ནས། མགྲོན་དང་ཟ་ཁང་ལྟ་སྐུལ་དོ་དམ་བྱེད་ས་གཙོ་བོར་བརྩིས་པ་དང་། “ཞིབ་བཤེར་གསུམ་དང་དག་ཐེར་གསུམ”གྱི་བྱེད་ཐབས་ལག་བསྟར་བྱས་ཏེ། ཚོང་རར་ཞིབ་བཤེར་བྱེད་པ་དང་། དུས་ཆེན་གྱི་སྐབས་སུ་ཚོང་རའི་གཅིག་བསྡུས་དག་ཐེར་ལ་ཟུང་འབྲེལ་བྱས། ཟ་ཁང་ལ་ཞིབ་བཤེར་བྱས་ནས་གནས་སྐོར་ཚོང་རའི་ཆེད་གཉེར་དག་ཐེར་ལ་ཟུང་འབྲེལ་བྱས། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ལ་ཞིབ་བཤེར་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཟུང་འབྲེལ་བྱས། ཁྲིམས་འགལ་གྱིས་གསེར་ཉ་ལས་སྣོན་དང་ཐོན་རྫས་ཕྱིར་བཙོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། དེ་དང་ཆབས་ཅིག ཁོངས་གཏོགས་ས་ཁུལ་གྱི་མགྲོན་ཁང་དང་ཟ་ཁང་སོགས་ཚོང་གཉེར་ཁྱིམ་ཚང་གི་རྩིས་ཐོ་ལྟ་སྐུལ་དོ་དམ་བྱས་པ་མ་ཟད། ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས།

གསུམ་ནི་སློབ་གསོའི་ཁས་ལེན་བྱ་བ་ནས་མགོ་བརྩམས་ཏེ། དྲིལ་སྒྲོག་སློབ་གསོའི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ། ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱེད་པ་དང་འཕྲིན་ཕྲན་སྟེགས་བུ་གཅིག་བསྡུས་སྒོས་འཛུགས་པ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ནས། ཧུར་ཐག་གིས་རོང་འབྲོག་པ་དང་མངའ་ཁོངས་ཀྱི་སྒེར་གཉེར་ཚོང་བ་ རྣམས་མཚོ་བཀག་ཉ་གསོའི་བྱ་བའི་ཁྲོད་རང་འགུལ་གྱིས་ཟབ་ཞུགས་བྱེད་པ་སྣེ་ཁྲིད་བྱེད་དགོས། དེའི་སྐབས་སུ། «མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མུ་མཐུད་དུ་མཚོ་སྔོན་པོར་མཚོ་བཀག་ཉ་གསོ་བྱེད་པའི་བརྡ་ཁྱབ»དང«དཔང་ཡིག་མེད་པར་ཚོང་གཉེར་ཞིབ་བཤེར་ཐག་གཅོད་བྱེད་ཐབས།»«ཟས་རིགས་བདེ་འཇགས་བཅའ་ཁྲིམས»སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱིམ་ཚང་བཞི་བརྒྱ་ལྷག་གི་ཁྱིམ་དུ་སོང་ནས་དྲིལ་སྒྲོག་བྱས། དུས་སྐབས་གཅིག་ལ་ཁྲིམས་ཁྱབ་སློབ་སྦྱོང་འཛིན་གྲྭ་བསྡུས། སྒེར་གཉེར་ཁྱིམ་ཚང་ང་དགུ་ལ་ཁྲིམས་འགལ་སྒྲིག་འགལ་དང་གསེར་ཉ་ལས་སྣོན་བྱེད་པའི«དཔལ་ཡོན་ཡིད་རྟོན་ཚོང་གཉེར་ཁས་ལེན་ཡི་གེ»དང«ཟས་རིགས་བདེ་འཇགས་འགན་འཁྲིའི་ཡི་གེ»འབྲི་རུ་བཅུག ཁྱིམ་ཚང་ཉིས་བརྒྱ་ཞེ་བདུན་གྱིས«ཁྲིམས་འགལ་དང་ལས་སྣོན། མཚོ་སྔོན་པོའི་གསེར་ཉ་ཕྱིར་འཚོང་མི་བྱེད་པའི་འགན་འཁྲིའི་ཡི་གེ»འབྲི་རུ་བཅུག་པས། ཚོང་གཉེར་ཁྱིམ་ཚང་གི་ཁྲིམས་སྲུང་འདུ་ཤེས་དང་སྲིད་ཇུས་ཀྱི་འདུ་ཤེས་ཇེ་མཐོར་བཏང་།

བཞི་ནི་ཐུན་མོང་མཉམ་ལས་ནས་མགོ་བརྩམས་ཏེ། མཐུན་སྦྱོར་ཟུང་འབྲེལ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་། ཐེངས་གསུམ་ལ་རང་འགུལ་གྱིས་ཉ་སྲིད་དོ་དམ་དང་སྤྱི་བདེ་སོགས་སྡེ་ཁག་ལ་མཉམ་འབྲེལ་ཟབ་མོ་བྱས་པ་དང་། མཚོ་སྐོར་ས་ཁུལ་གྱི་ཉ་སྲིད་དོ་དམ་སྡེ་ཁག་དང་མཉམ་དུ་ཁྲིམས་འཛིན་ཞིབ་བཤེར་བྱས་ལ། ཁྲིམས་འགལ་པར་རྡུང་རྡེག་ནན་མོ་གཏོང་བའི་བྱེད་ཤུགས་ཇེ་མཐོར་བཏང་སྟེ། མཐོ་གནོན་རྣམ་པ་ཆགས་པ་དང་། མཚོ་སྐོར་ས་ཁུལ་གྱི་གསེར་ཉ་ཁྲིམས་འགལ་གྱིས་ཕྱིར་འཚོང་བྱེད་པ་ཕན་ནུས་ཡོད་པའི་སྒོ་ནས་བཀག་སྡོམ་བྱས་པས། མཚོ་བཀག་ཉ་གོས་བྱ་བའི་གཅིག་བསྡུས་ནུས་པ་བཟང་བོ་ཆགས། དེ་དང་ཆབས་ཅིག 12315ཡི་འཛད་སྤྱོད་པའི་ཞུ་གཏུག་དྲ་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་ཀྱི་རོང་འབྲོག་པ་དང་ཡུལ་སྐོར་བ། འཛད་སྤྱོད་པ་བཅས་ཀྱིས་ཞུ་གཏུག་བྱེད་པར་སྐུལ་མ་བཏང་ནས། དུས་ཐོག་ཏུ་ཁྲིམས་འགལ་གྱི་བྱ་སྤྱོད་རྩད་ཞིབ་བྱས། ཉེ་ལམ། མཚོ་སྔོན་པོ་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་གསེར་ཉ་ཁྲིམས་འགལ་གྱིས་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་གཅིག་རྩད་ཆོད་པ་དང་། ཆད་པ་སྒོར་སྟོང་གསུམ་བཅད།

ལོ་ཙཱ་བ། ཤ་བོ་རིན་མཚོ།