མཚོ་སྔོན་པོའི་ཆུར་གནས་འདབ་ཆགས་མང་པོ་ཕྲུ་གུ་གསོ་བའི་དུས་ལ་སླེབས་ཡོད།
2017.07.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 21

ཟླ་དྲུག་པའི་ཚེས་ཉེར་ལྔ་ནས་ཟླ་བདུན་པའི་ཚེས་ལྔ་ཉིན་བར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་ཆུ་བྱའི་སྐྱེ་འཕེལ་དུས་ཀྱི་ཐོན་ཁུངས་ཞིབ་བཤེར་བྱ་བ་རྒྱ་བསྐྱེད། ཆུ་བྱའི་རིགས་མི་འདྲ་བ་ཉེར་བཞི་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། བསྡོམས་པའི་ཆུ་བྱའི་རིགས་ཞེ་གསུམ་གྱི་བྱ་འབུམ་ལྔ་དང་ཁྲི་གཅིག་ལྷག་ཟིན་འགོད་བྱས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལྟ་ཞིབ་ཚད་ལེན་ཁྲོད། མཚོ་སྔོན་པོའི་གཅིག་བསྡུས་སྐྱེ་འཕེལ་གནས་བཞི་རུ་གཙོ་བོ་དབྱར་སྲེད་བྱ་སྐྱེ་འཕེལ་བྱེད་པ་དང་། གཅིག་བསྡུས་སྐྱེ་འཕེལ་གནས་ལྔ་ཡི་བྱ་རིགས་ཀྱི་གྲངས་ཚད་འབུམ་གསུམ་དང་ཁྲི་བདུན་ལྷག་ཏུ་སླེབས། དེའི་ནང་ཁྲུང་ཁྲུང་མགོ་ཁྲ་སྟོང་བདུན་ལྷག་དང་། སོ་བྱ་འབུམ་གཅིག་དང་ཁྲི་ལྔ་ལྷག སྐྱར་མོ་སྟོང་དགུ་ལྷག སྐྱར་མོ་སྨུག་མགོ་སྟོང་བདུན་ལྷག་གནས་ལ། ལོ་སྔོན་མ་དང་བསྡུར་ན་བྱ་ཡི་གྲངས་ཚད་གཏན་འཇགས་རྒྱུན་འཁྱོངས་བྱས་ཡོད། གཅིག་བསྡུས་སྐྱེ་འཕེལ་མ་ཡིན་པའི་བྱ་རིགས་སོ་དགུ་ལས་བྱ་འབུམ་གཅིག་དང་ཁྲི་བཞི་ལྷག་ཡོད།
མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་ཞིབ་དཔྱད་པ་ཧི་ཡོ་པང་གིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར་ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱ། སྐྱར་མོ་དང་སྐྱར་མོ་སྨུག་མགོ་སོགས་ཁྱོན་ཡོངས་ནས་ཕྲུ་གུ་གསོ་བའི་དུས་ལ་ཁེལ་ཡོད། ཁྲུང་ཁྲུང་མགོ་ཁྲའི་རང་རང་གི་ཕྲུ་གུ་ཁྲིད་དེ་སྐྱེ་འཕེལ་གནས་དང་བྲལ་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་རླན་སར་སླེབས། དེ་མིན་སོ་བྱ་དང་སྐྱར་མོ་སོགས་ནི་བྱ་ཕྲུག་གིས་རང་འཚོ་རང་བདག་མི་ཐུབ་པས་སྔར་བཞིན་སྐྱེ་འཕེལ་གནས་སུ་འཚོ་དགོས་པ་རེད་ཟེར།
ཐེངས་འདིའི་ལྟ་ཞིབ་ཚད་ལེན་ལས་ཆུ་བྱ་རིགས་མི་འདྲ་བ་བཅུ་ལས་བྱ་སྟོང་གཅིག་དང་སུམ་བརྒྱ་ལྷག་ལ་སྡོམ་རྩིས་ཟིན་འགོད་བྱས་ཤིང་། དེ་དག་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་རླན་སར་རྒྱ་ཆེར་ཁྱབ་ཡོད་ལ། ཉིས་སྟོང་བཅུ་དྲུག་ལོའི་དུས་མཉམ་དུ་ལྟ་ཞིབ་ཚད་ལེན་བྱས་པའི་ཆུ་བྱའི་རིགས་བདུན་ལས་བྱ་སུམ་བརྒྱ་དང་བསྡུར་ན། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་ཞིང་། ཚོགས་སྤྱིའི་གྲངས་ཚད་དང་སྐྱེ་འཕེལ་གྱི་རིགས་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད། དེ་དང་མཉམ་དུ་ཁྲུང་ཁྲུང་སྐེ་ནག་བརྒྱ་དང་བཅུ་ཟིན་འགོད་བྱས་ཤིང་། དེ་དག་ནི་སྒོ་ང་སྦྲུམ་པའི་དུས་སྐབས་ཡིན།

ལོ་ཙཱ་བ། རྟ་མགྲིན་སྐྱབས།