མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མུ་མཐུད་དུ་ལག་བསྟར་བྱས།
2017.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་དོན་དངོས་སུ་མིའི་རིགས་ལ་སྲུང་སྐྱོབ་བྱས་པ་རེད།

འབྲེལ་ཡོད་ཀྱི་ཞིབ་འཇུག་ལས་བསྟན་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་ནི་མཐོ་སྒང་གི་ཆུ་གཟུགས་དང་གླིང་ཕྲན། ཆུ་རྒྱུན་དང་བརླན་སའི་གྲུབ་ཆ་ཡིན་ལ། “ཆུའི་སྐྱེ་དངོས་དང་ཉ་རིགས། བྱ་རིགས། རྩྭ་ཐང”བཅས་སྣ་འདུས་ཀྱི་སྐྱེ་ཁམས་མ་ལག་ཅིག་ཡིན། དེའི་ཁྲོད་མཚེའུ་ནི་ཉ་རིགས་འཚོ་སྡོད་དང་རྒྱུད་སྤེལ་བྱེད་ས་དང་། གསེར་ཉའི་འབྲེལ་ཐག་དང་ཟས་རིགས་འབྲེལ་ཐག་གི་གྲུབ་ཆ་གཙོ་བོ་ཡིན་པ་དང་ལྟེ་གནས་ས་ཁུལ་དུ་གནས་ཡོད། མཉམ་དུ་འཚོ་སྡོད་བྱེད་པའི་སྐྱེ་ཁམས་མ་ལག་ཁྲོད་གལ་ཆེན་གྱི་མཛུབ་སྟོན་རང་བཞིན་གྱི་སྐྱེ་དངོས་ཤིག་རེད། གསེར་ཉའི་ཐོན་ཁུངས་ཇེ་ཉུང་དུ་སོང་བ་དེས་ཐད་ཀར་དུ་བྱ་རིགས་གནས་སྤོ་དང་རྒྱུད་སྤེལ། འཚར་ལོངས་འབྱུང་བར་གནོད་འཚེ་བཟོ་སྲིད་ལ། མཚོ་ནང་གི་དུས་བསྟུན་གནས་སྤོའི་བྱ་རིགས་ཀྱི་གྲངས་ཀ་དང་གྲུབ་ཚུལ་ལ་ཡང་ཤུགས་རྐྱེན་བཟོ་སྲིད།

མཚོ་སྔོན་པོའི་བཞུར་རྒྱུད་ཀྱིས་རང་ཞིང་གི་ཁུལ་གསུམ་དང་རྫོང་བཞི། ཞང་དང་གྲོང་རྡལ་ཉེར་བཞི། ཞིང་ཕྱུགས་ལས་ཀྱི་སྡེ་བ་བརྒྱ་དང་ཞེ་བདུན་ལ་འབྲེལ་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ནས་བདུན་ཅུའི་བར། གསེར་ཉ་ཚད་བརྒལ་གྱིས་འཛིན་བཟུང་བྱས་པས། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་མགྱོགས་མྱུར་སྒོས་མར་བབས་པ་དང་། སྐྱེ་ཁམས་མཉམ་གནས་མ་ལག་གི་ཟས་རིགས་འབྲེལ་ཐག་ཆད་པར་བྱས་པ་དང་། སྐྱེ་ཁམས་མ་ལག་ཡོངས་ལ་འཇིགས་སྐུལ་ཆེན་པོ་ཐེབས། མཚོ་ཆེན་གྱི་སྐྱེ་ཁམས་ཉམས་པའི་སྐྱོ་གར་དེས་མུ་མཐུད་དུ་མུན་འཐོམས་ཀྱི་ཁོར་སྲུང་གི་གོ་རྟོགས་སད་པར་བྱས།

མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་དང་། མཚོ་སྔོན་པོའི་ཕྱོགས་བསྡུས་སྐྱེ་ཁམས་ནུས་པ་སླར་གསོ་བྱ་ཆེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་མགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྔ་རྗེས་སུ་ཐེངས་ལྔ་ལ་མཚོ་བཀག་ཉ་གསོ་བྱས། དེའི་ཁྲོད། ཉེ་ལམ་གྱི་ཐེངས་ལྔ་བོ་ནི། 2011ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས2020ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར། ཉ་གཅིག་ཀྱང་འཛིན་མཁན་མེད་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།
གསེར་ཉ་ཕྱིར་ལོག་པའི་གྲངས་ཀ་འཕར་སྣོན་དང་བྱ་རིགས་ཀྱི་གྲངས་ཀ་འཕར་སྣོན། དེ་མིན་ད་ལྟ་མཚོ་སྔོན་པོ་རུ་འཆམ་མཐུན་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱས་པ་དང་། དེ་ནི་ལོ་མང་པོའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གདེང་འཇོག་ཆེན་པོ་བྱས་པས་ཡིན་ལ། མཚོ་སྔོན་མི་དམངས་དང་དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་མཉམ་དུ་རྒྱུན་འཁྱོངས་དང་འབད་པ་བྱས་པའི་གྲུབ་འབྲས་ཡིན་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དེ་ཀྲུང་གོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་པར་དུ་ནུབ་རྒྱུད་ས་ཁུལ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཤུགས་རྐྱེན་ཆེན་པོ་ལྡན།

ཡུལ་སྐོར་གྱི་དུས་ཚིགས་ཡང་བསྐྱར་སླེབས་དུས་དང་། ངོ་མཚར་གྱི་མཚོ་སྔོན་པོས་ཡང་བསྐྱར་གདོང་གི་གསང་རས་དོར་ནས་མཛེས་པའི་བཞིན་མདངས་ངོམ་འོང་དུས། ཡང་བསྐྱར་དུས་ཀྱི་འཁོར་ལོ་རིང་མོ་ཞིག་བརྒལ་ཟིན་པ་མཚོན་ལ། མཚོ་སྔོན་པ་རྣམས་ལ་རྒྱལ་ཡོངས་མི་དམངས་ཀྱི་མདུན་ནས་ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཐད་བླངས་པའི་གྲུབ་འབྲས་དེ་དག་ཡང་ཡང་ངོམ་པའི་གདེང་ཚོད་ཆེན་པོ་ཡོད།

དུས་ད་ལྟ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་ནས་མཛེས་ལྗོངས་དང་། སྐྱེ་ཁམས་ནས་རང་བྱུང་ཁམས། མི་ཚུལ་ནས་ལོ་རྒྱུས་གང་རུང་གིས་ཕར་འགྲོ་ཚུར་འོང་གི་ཡུལ་སྐོར་པ་རྣམས་ཀྱི་མཐོང་རྒྱ་ཆེ་རུ་བསྐྱེད་བཞིན་ཡོད། ཁོ་ཚོས་མཚོ་མོ་འདིའི་མཛེས་པའི་ཕག་གི་འབོད་སྒྲ་གོ་ཐུབ་པ་དང་མཉམ་དུ། སྐམ་སའི་དབུས་ཁུལ་གྱི་མཚོ་ཆེན་འདིའི་ཁོར་ཡུག་སྲུང་སྐྱོབ་ཐད་བསམ་གཞིགས་སྔར་ལས་གཏིང་ཟབ་མོ་གཏོང་རྒྱུ་ནི་ང་ཚོའི་སེམས་ཁོང་གི་རེ་འདུན་ཡིན། དེ་ལྟར་བྱས་པས་ང་ཚོས་མཚོ་སྔོན་པོ་རུ་གསེར་ཉ་གར་དུ་རྩེན་ཞིང་བྱ་བརྒྱས་གཤོག་རྩལ་ངོམ་པའི་སྣང་ཚུལ་སྲུང་འཛིན་བྱས་ལ། དེ་ལྟར་བྱས་པས་ང་ཚོས་ད་གཟོད་མཚོ་སྔོན་པོ་མྱ་ངམ་གྱི་མཚོ་རུ་འགྱུར་བར་མ་བྱས་ཤིང་བྱ་གླིང་ཁེར་རྐྱང་གི་གླིང་དུ་འགྱུར་བར་མ་བྱས།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།