ཟླ་བརྒྱད་པའི་ཚེས་གསུམ་ནས་ཚེས་དྲུག་ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་རི་འཛེགས་དོ་དམ་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་བཞུད་ལམ་དཀའ་ཡང་ཞུམ་མེད།། མཛེས་པ་མཚར་ཡང་འཛད་མེད་ཞེས་པ་བརྗོད་དོན་ཡིན་པའི2017ལོའི་མཚོ་སྐོར་གྱི་རྒྱལ་ཡོངས་རྐང་བགྲོད་ཚོགས་ཆེན་དེ་མཚོ་སྔོན་པོའི་གླང་ཆེན་མཆེ་བ་རིའི་ལྗོངས་ཁུལ་དུ་བདེ་བླག་ངང་མཇུག་སྒྲིལ། ཉིན་བཞིའི་རིང་། རྒྱལ་ཡོངས་ཀྱི་ས་ཕྱོགས་སོ་སོ་ནས་འོངས་པའི་རྐང་བགྲོད་ལ་མོས་མཁན་བརྒྱད་བརྒྱར་ཉེ་བ་ཙམ་གྱིས་སའི་དཔངས་མཐོ་ས་དང་། གཡང་གཟར་བགྲོད་དཀའ་བ། སྨུག་ཕྱིའི་འོད་ཀྱི་ནུས་ཚད་མཐོ་བ། དེ་བཞིན་འགྱུར་ལྡོག་ཆེ་བའི་གནམ་གཤིས་བཅས་ལ་གདོང་གཏད་དེ། མཚོ་སྔོན་པོའི་འགྲམ་རྒྱུད་དུ་ལེ་དབར་བརྒྱ་དང་ཉི་ཤུའི་རིང་རྐང་ཐང་གིས་བགྲོད་ཅིང་། མཚོ་སྔོན་པོའི་རང་བྱུང་གི་མཛེས་པ་མིག་གིས་འཚོ་བཞིན་རྐང་ཐང་བ་རྣམས་ཀྱི་སྤྲོ་སེམས་ཀྱི་སྣང་བ་རབ་ཏུ་རྒྱས།
བྱ་འགུལ་འདི་ནི2012ལོ་ནས་མགོ་བརྩམས་ཤིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཞིག་ཡིན། ལོ་རེར་ལེ་དབར་བརྒྱ་དང་ཉི་ཤུ་རྐང་ཐང་གིས་བགྲོད་པ་དང་། ལོ་གསུམ་གྱི་ནང་དུ་མཚོ་སྐོར་གྱི་ལམ་ཐིག་ལེ་དབར་སུམ་བརྒྱ་དྲུག་ཅུ་རྐང་ཐང་གིས་བགྲོད་ཚར་བ་རེད། 2013ལོར་ཀྲུང་གོའི་ལུས་རྩལ་དངོས་མང་བཤམ་སྟོན་ཚོགས་འདུའི་རྩེ་གྲའི་ལམ་ཐིག་གི་མཚན་སྙན་ཐོབ་ལ། ད་ལོ་ནི་སྐབས་གཉིས་པའི་རྐང་བགྲོད་མཚོ་སྐོར་གྱི་ལོ་མཐའ་མ་ཡིན། ལོ་དྲུག་གི་རིང་དུ་བྱ་འགུལ་གྱི་ཁྱབ་རྒྱ་སྔར་ལས་ཇེ་ཆེ་དང་རྐང་བགྲོད་ཁྲོད་ཞུགས་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཚོང་ར་རང་བཞིན་གྱི་འཁོར་བསྐྱོད་ཕལ་ཆེར་མངོན་འགྱུར་བྱུང་ཡོད།
ད་ལོར། མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་པོའི་ལུས་རྩལ་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ལུས་རྩལ་བྱ་འགུལ་སྤེལ་བ་བརྒྱུད་མཚོ་སྔོན་པོའི་ཡུལ་སྐོར་ཐོན་རྫས་གཉེར་འཚོང་རྒྱ་ཁྱབ་ཏུ་སྤེལ་བ་དང་། ལུས་རྩལ་དང་ཡུལ་སྐོར་གྱི་ཚོང་གཉེར་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཡུལ་སྐོར་གྱི་ལས་རིགས་རྣམ་པ་གསར་བ་དང་མཉམ་འདྲེས་ཀྱིས་མཚོ་སྔོན་པོའི་ཡུལ་སྐོར་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས། མིག་སྔའི་བར་དུ། ང་ཚོས་མཉམ་དུ་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་པ་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་ནས། མཚོ་སྔོན་པོའི་མཛེས་ལྗོངས་སྔར་ལས་འཛུགས་སྐྲུན་དང་ཡུལ་སྐོར་གྱི་ཐོན་ཁུངས་སྔར་ལས་བེད་སྤྱོད་གང་ལེགས་བཏང་སྟེ། མཚོ་སྐོར་ལུས་རྩལ་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས།
ལོ་ཙཱ་བ། རྟ་མགྲིན་སྐྱབས།