མཚོ་སྔོན་པོའི་བྱ་བརྒྱའི་འཚོ་གནས་སྐྱེ་ཁམས་མངོན་གསལ་གྱིས་སླར་གསོ་བྱུང་།
2017.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བདུན་པའི་ཟླ་མཇུག་ཏུ། མཚོ་སྔོན་པོའི་ཆུ་བྱ་སྐྱེ་འཕེལ་དུས་ཀྱི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་བྱས་པའི་ཆེས་གསར་བའི་བསྡོམས་རྩིས་ལྟར་ན། ཐེངས་འདིའི་ལྟ་ཞིབ་ལ་བསྡོམས་པས་ཆུ་བྱའི་རིགས་ཞེ་གསུམ་དང་གྲངས་ཀ་ཁྲི་ལྔ་དང་སྟོང་གཅིག་ལྷག་ཡོད་པ་དང་། ན་ནིང་དང་བསྡུར་ན་རིགས་སྣ་གསུམ་གསར་དུ་བསྣན་ཡོད་པ་དང་། གྲངས་ཀ་སྟོང་གཅིག་ལྷག་ཡོད། བྱ་རིགས་ཁྲི་ཕྲག་གནས་གཅིག་ཏུ་འདུས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྣང་བརྙན་མངོན་ཡོད་པ་དང་། མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་སླར་གསོ་བྱུང་ཡོད།

མཚོ་སྔོན་པོའི་འོད་འཚེར་འཚེར་དུ་འཕྲོ་བའི་མཚོ་ངོས་སྟེང་། ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱ་སོགས་འདབ་ཆགས་ཀྱི་རིགས་སྐོར་དང་སྐོར་བྱས་ཏེ། རྒུམ་བུ་འཐུ་བ་དང་རྩེད་འཇོར་རོལ་བཞིན་ཡོད།

བརླན་ས་སྲུང་སྐྱོབ་བྱས་པ་བཟང་མིན་དེ་གཙོ་བོར་བྱ་རིགས་ཀྱི་བརྡར་གཅོད་བྱེད་དགོས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་རྟོག་ཞིབ་མི་སྣ་ཧི་ཡུས་པཱིང་གིས་བཤད་རྒྱུར། བརླན་ས་ནི་ཆུ་བྱ་འཚོ་སྡོད་བྱེད་སའི་གནས་གཙོ་བོ་ཡིན་ལ། ཆུ་བྱ་རྩ་ཆེན་གྱི་སྐྱེ་འཕེལ་དང་གནས་སྤོ་བྱེད་པར་བརླན་ས་དང་ཁ་འབྲལ་ཐབས་མེད། ད་ལོར་མཚོ་སྔོན་པོའི་བྱ་རིགས་གནས་སྤར་ཡོང་བ་དེ་སྔོན་ལོ་ལས་སྔ་བ་དང་། རིགས་དང་གྲངས་ཀ་ཡང་དེ་སྔོན་ལས་ཇེ་མང་དུ་གྱུར་ཡོད།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་སྐབས། གནམ་གཤིས་ཇེ་དྲོད་དང་མིའི་རིགས་ཀྱི་བྱ་འགུལ་མང་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཉུང་དུ་སོང་། 2008ལོར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་བཞུར་རྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་དྲུག་ཙམ་བཏང་ནས། ལོ་བཅུའི་དུས་ཚོད་ནང་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་འཆར་འགོད་འཐེན།

བཅོས་སྐྱོང་གི་ལས་གཞི་མགོ་བརྩམས་པའི་ཚུན་ལ། བརླན་སའི་རྒྱ་ཁྱོན་བསྡོམས་པས་ས་མུའུ་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་འཕར་སྣོན་བྱུང་བ་དང་། རྩི་ཤིང་སླར་གསོའི་ས་ཁུལ་དུ་བསྡོམས་པས་ས་མུའུ་སྟོང་གཉིས་བརྒྱ་དང་སོ་གསུམ་རྒྱ་བསྐྱེད། དེ་དང་ཆབས་ཅིག རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བྱེ་ས་དང་ས་རྒོད། བ་ཚྭ་ཅན་གྱི་ས་བཅས་ཀྱི་རྒྱ་ཁྱོན་བསྡོམས་པས་ས་མུའུ་སྟོང་གསུམ་དང་དགུ་བརྒྱ་དྲུག་ཅུ་ཇེ་ཉུང་དུ་སོང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།