མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པར་ཚང་མས་མཉམ་དུ་འགུལ་སྐྱོད་བྱེད།
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

གསེར་ལྡན་སྟོན་གྱི་དུས་ཚིགས་སུ། མཚོ་སྔོན་པོའི་མཁའ་དབུགས་གཙང་ལ། རི་བོ་སྔོ་ཞིང་ཆུ་བོ་དྭངས་བ། མཛེས་ལྗོངས་ཡིད་དུ་འོང་བ་ཡིན་པས། ས་གནས་སོ་སོ་ནས་ཡོང་བའི་གནས་སྐོར་པ་མང་པོ་འགུག་བཞིན་ཡོད། མཛེས་ལྗོངས་ཉམས་མྱོང་བྱེད་སྐབས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་ཆེད། གནས་སྐོར་པའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པས། མི་ཚང་མ་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པར་མཉམ་དུ་འགུལ་སྐྱོད་པའི་བྱེད་པས་ཁྲོད་ཞུགས་པའི་གྲོས་འགོ་བཏོན་པ་ཡིན། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ཁྱད་དུ་གསལ་འདེབས་ཞུ་རྒྱུར།

གཅིག ཉེ་ལམ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནས་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཁྲོད། མཚོ་སྐོར་འགྲམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་གི་ཚད་གཞི་རུ་སླེབས་མེད་པའི་གནས་སྐོར་སྒྲིག་ཆས་ལ་ཁྲིམས་དང་སྒྲིག་ལམ་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུ་ཡིན་པ་དང་། མཚོ་སྐོར་འགྲམ་རྒྱུད་དང་ཁྱད་པར་དུ་མཚོ་སྐོར་ཤར་ལམ་དུ་སྒྲིག་འགལ་ལྟར་གནས་སྐོར་གྱི་ལྗོངས་ཁུལ་ལ་ཁྲིམས་དང་སྒྲིག་ལམ་ལྟར་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། གནས་སྐོར་ཁང་དང་རྒྱ་ཆེའི་གནས་སྐོར་པས་དུས་ཐོག་ཏུ་གནས་སྐོར་ལམ་ཐིག་དང་སྡོད་ཁང་བཀོད་སྒྲིག་སོགས་ཀྱི་བྱ་བ་སྙོམས་སྒྲིག་བྱས་ན་ལེགས་པས། ཁྱེད་ཉིད་ཀྱིས་གནས་སྐོར་མ་བྱས་སྔོན་ལ་མཉམ་འཇོག་བྱ་དགོས།

གཉིས། མཚོ་སྔོན་པོའི་ཉེ་འགྲམ་ནས་བསྲེགས་ཟས་དང་གང་འདོད་དུ་སྤྲོ་གསེང་བྱེད་པ་སོགས་བདེ་འཇགས་དང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་གནས་སྐོར་བྱ་འགུལ་སྤེལ་མི་ཆོག ཆེས་མཛེས་པའི་མཛེས་ལྗོངས་ནི་དཔལ་ཡོན་ཡིན་ལ། ཁྱེད་ཉིད་ཀྱིས་མཚོ་སྔོན་པོའི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པ་དང་ཆབས་ཅིག ང་ཚོས་མཉམ་དུ་ནམ་མཁའ་གཡའ་དག་ཅིང་ཆུ་བོ་དྭངས་ཤིང་གཙང་བ་ལྟ་སྐྱོང་བྱེད་པ་དང་ཆབས་ཅིག མཉམ་དུ་དཔལ་ཡོན་དང་འཆམ་མཐུན་གྱི་གནས་སྐོར་ཁོར་ཡུག་བསྐྲུན་དགོས།

གསུམ། ད་སྐབས་མཚོ་སྔོན་པོ་ནི་གནས་སྐོར་བ་ཆེས་མང་པའི་དུས་ཡིན་ལ། སྡོད་གནས་སོགས་སྔར་བཞིན་དཀོན་ལ། གནས་སྐོར་པས་སྔོན་ལ་དྲ་བ་དང་བྱེད་ཐབས་གཞན་བརྒྱུད་ནས་སྔོན་ལ་སྡོད་གནས་སོགས་མངག་ཉོ་བྱས་ན་བཟང་། གླང་ཆེན་མཆེ་བ་རུ་དང་བྱ་གླིང་། བྱེ་གླིང་ལྗོངས་ཁུལ། གུང་ཧོ་ཆབ་ཆ་གྲོང་རྡལ། རིག་སྨོན་གྲོང་རྡལ། ཅང་ཤེས་ཁུག་ཞང་། རྟ་ནག་མ་ཞང་། སྤྲེལ་ནག་ཞང་། ནུབ་མཚོ་གྲོང་རྡལ། འོམ་ཆུ་གྲོང་རྡལ་སོགས་ས་གནས་ཀྱི་མགྲོན་ཁང་གིས་ཁྱེད་ལ་བག་ཕེབས་སྤྲོ་སྐྱིད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་སྲིད།

བཞི། གནས་སྐོར་གྱི་དུས་ཚིགས་བཟང་བོའི་སྐབས་སུ་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་བགྲོད་ལམ་འགྲིམ་འགྲུལ་གནོན་ཤུགས་ཅུང་ཆེ། གནས་སྐོར་གྱི་ལམ་ཐིག་མི་ནོར་བའི་ཆེད་དུ། གནས་སྐོར་པ་ཕྱི་རུ་མ་སོང་སྔོན་ལ་གནས་སྐོར་ལམ་ཐིག་འོས་མཐུན་སྒོས་བཀོད་སྒྲིག་བྱེད་དགོས། ལྗོངས་ཁུལ་གྱི་གནས་སྐོར་པའི་མང་ཉུང་དང་འགྲིམ་འགྲུལ་གྱི་གནས་ཚུལ་འདྲི་རྩད་བྱས་ཏེ། དུས་ཐོག་ཏུ་གནས་སྐོར་གྱི་ལམ་ཐིག་ལེགས་སྒྲིག་བྱེད་དགོས། མཚོ་སྔོན་པོའི་ལྗོངས་ཁུལ་དུ་འགྲོ་སྐབས་མཚོ་སྔོན་པོའི་ལྷོ་ལམ་རྒྱལ་ལམ109དང་མཚོ་སྔོན་པོའི་བྱང་ལམ་རྒྱལ་ལམ315གཉིས་བདམ་གསེས་བྱས་ཆོག མཚོ་སྔོན་པོའི་ལྷོ་ལམ་རྒྱལ་ལམ109དེ་གཙོ་བོ་ཉི་ཟླ་རི་བོ་དང་རིག་སྨོན་གྲོང་རྡལ། གླང་ཆེན་མཆེ་བ་རུའི་ལྗོངས་ཁུལ། རྟ་ནག་མ་ཞང་དང་ཚྭ་ཁ་ལྗོངས་ཁུལ་སོགས་བརྒྱུད་པ་དང་། མཚོ་སྔོན་པོའི་བྱང་ལམ་རྒྱལ་ལམ315དེ་ཉིང་རྡུལ་མཁར་དང་གསེར་དངུལ་རྩྭ་ཐང་། བྱེ་གླིང་ལྗོངས་ཁུལ། ཀླུ་མོ་གཞོང་ལྗོངས་ཁུལ། རྐང་ཚ་མཚོ་ངོགས་བོད་མཁར། བྱ་གླིང་ལྗོངས་ཁུལ་སོགས་བརྒྱུད་པ་དང་། མུ་མཐུད་དུ་བྱང་ཕྱོགས་བརྒྱུད་ན་ཚྭ་ཁ་ལྗོངས་ཁུལ་དུ་སླེབས་སྲིད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།