མཚོ་སྔོན་པོའི་འགྲམ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་མཁན།
2017.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་གཅེས་སུ་འོས་པའི་མི་འདི་འདྲ་སྐོར་ཞིག་ཡོད་དེ། ཁོ་ཚོ་ནི་ཁྱིམ་མཛེས་བར་གྱི་རྩོད་གཞི་འདུམ་སྒྲིག་བྱེད་མཁན་ཡིན་ལ། ཁོ་ཚོས་གནས་སྐོར་བའི་དོགས་གཞི་དྲི་བར་ལན་འདེབས་བཞིན་ཡོད་པ་དང་། མང་ཚོགས་རྣམས་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས། ཡུལ་དངོས་ཀྱི་གནད་དོན་མང་པོ་ཞིག་དུས་ལྟར་ཐག་གཅོད་བྱེད་བཞིན་ཡོད། ཁོ་ཚོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་ཅུའུ་རྟ་ནག་མ་ཞང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཐུན་སྦྱོར་ཉེན་རྟོག་པ་རེད། ཁོ་ཚོས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུས་པས། མཚོ་སྔོན་པོའི་འགྲམ་གྱི་ཆེས་མཛེས་པའི་མི་སྐོར་ཏུ་གྱུར་ཡོད། 

ཁོ་ཚོ་ནི་མི་དམངས་ཉེན་རྟོག་པ་བཞི་དང་། རམ་འདེགས་བྱེད་མཁན་གྱི་ཉེན་རྟོག་པ་གཉིས། ད་དུང་སྡེ་བའི་ཉེན་རྟོག་པ་ལྔས་མཉམ་དུ་གྲུབ་པའི་ཁྱིམ་ཚང་ཆེན་པོ་ཞིག་རེད། རྟ་ནག་མ་ཞང་མངགས་གཏོང་ཁང་གི་སའོ་ཀྲང་ཆའོ་ཅི་སུན་གྱིས་བཤད་རྒྱུར། དུས་ཡུན་རིང་བོར། རྟ་ནག་མ་ཞང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མུ་མཐུད་དུ་རང་སྟེང་གི་ཆབ་སྲིད་གསོ་སྦྱོང་ཇེ་མཐོར་བཏང་བའི་དུས་མཚུངས་སུ་བརྟན་འཇགས་སྲུང་སྐྱོབ་དང་། གྱོད་གཞི་དང་ལེན། གྱོད་གཞི་ཐག་གཅོད་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ།  རྟོག་དཔྱོད་བྱ་བ་སོ་སོ་མི་དམངས་ཉེན་རྟོག་པ་ཚོའི་ཉིན་རྒྱུན་གྱི་བྱ་བར་གྱུར་ཡོད་པ་དང་། མཚམས་ལན་རེར་བསྟུད་མར་ཉིན་མང་པོར་བྱ་བ་སྒྲུབ་དགོས་ལ། འདི་ལྟར་ཡིན་ཡང་མི་གཅིག་གིས་ཀྱང་སྡུག་གཏམ་བརྗོད་མ་མྱོང་ཟེར། 

རྟ་ནག་མ་ཞང་ནི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཡོད་ལ། མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱི་ཉི་མ་འཆར་དུས་ལ་ལྟ་སའི་ཡུལ་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་། དབྱར་ཁར་གནས་སྐོར་བ་རྒྱུ་སའི་གནས་ཤིག་རེད། མི་དམངས་ཉེན་རྟོག་པ་རྡོ་རྗེ་ཡིས་བཤད་རྒྱུར། དབྱར་ཁ་ཐོན་ཐེངས་རེ་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་གནས་སྐོར་བ་རྣམས་གནས་འདིར་འདུར་ཡོང་ལ།   གནས་སྐོར་བ་དག་འདིར་ཡོང་ན་ཟ་ཁང་ཕན་ཚུན་བར་རྒྱུན་དུ་རྩོད་གླེང་འབྱུང་བཞིན་ཡོད་པ་དང་། རྩོད་གླེང་ཆུང་ཡང་ཁྱིམ་མཚེས་བར་གྱི་མཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་རེས་ལ་ཤན་ཤུགས་ཐེབས་བཞིན་ཡོད་པ་རེད།   གནས་ཚུལ་འདི་འདྲར་ཐུག་ན་ཁོ་དང་ཁོའི་ལས་གྲོགས་ཚོ་དུས་ཚོད་དང་པོའི་ནང་ཡུལ་དངོས་སུ་སོང་སྟེ། གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཕན་ཚུན་ལ་ཁ་ཏ་བསླབ་བྱ་བྱེད་བཞིན་ཡོད་ཟེར། 

རྡོ་རྗེ་ཡིས་བཤད་རྒྱུར། འགལ་བ་དུས་ལྟར་ཐག་གཅོད་བྱེད་མ་ཐུབ་ན། སྒྲིག་འགལ་གྱི་གནད་དོན་དུ་འགྱུར་ཉེན་ཆེ་བར་མ་ཟད། ད་དུང་མཚོ་སྔོན་པོའི་གནས་སྐོར་རིག་གནས་ལས་དོན་འཕེལ་རྒྱས་ལ་ཤན་ཤུགས་ཐེབས་སྲིད་ལ། གུང་ཧོ་རྫོང་ཡོངས་ཀྱི་སྣང་བརྙན་ལའང་ཤན་ཤུགས་ཐེབས་སྲིད་པས། བྱ་བ་ཆུང་ཡང་། དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ཟེར། 

རང་ཉིད་ཀྱི་བྱ་བ་གླེང་སྐབས། རྡོ་རྗེས་ཡི་གདོང་ཧྲིལ་བོར་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ནམ་རྒྱུན་ཐག་གཅོད་བྱེད་དགོས་པའི་རྩོད་གླེང་དང་འགལ་བ་ཧ་ཅང་མང་བ་སྟེ། དཔེར་ན་ཞིང་བ་དང་ཚོང་བ་བར་གྱི་རྩོད་གླེང་དང་། ཁྱིམ་མཚེས་བར་གྱི་འགལ་བ་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་འདུ་ལ། ཆེས་སྤྱིར་བཏང་གི་བྱ་བ་སོ་སོ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་འཚོ་བའི་ཁྲོད་ཀྱི་བྱ་བ་ཡོད་ཚད་དུ་གྱུར་འདུག་ཡང་། ཁོ་ཚོས་སྔར་བཞིན་སྤྲོ་སེམས་དང་བཅས་པའི་སྒོ་ནས་དོན་དག་རེ་རེར་ཁ་གཏད་འཇལ་བཞིན་ཡོད། 

འཇམ་དབྱངས་རོལ་ཟེར་ནི་རྟ་ནག་མ་ཞང་མངགས་གཏོང་ཁང་གི་ཉེན་རྟོག་པར་རམ་འདེགས་བྱེད་མཁན་ཞིག་ཡིན་པ་དང་། རྟ་ནག་མ་ཞང་མངགས་གཏོང་ཁང་དུ་བྱ་བ་གཉེར་ནས་ལོ་བརྒྱད་འགོར། ལོ་ངོ་བརྒྱད་ཀྱི་རིང་ལ། ཁོས་འཁང་ར་མེད་པར་རང་གི་བྱ་བ་སོ་སོ་བཟང་པོར་སྒྲུབས།

ཉིས་སྟོང་བཅོ་ལྔ་ལོའི་དགུན་གཞུང་ཞིག་ཏུ། ལས་རེས་བྱེད་བཞིན་པའི་འཇམ་དབྱངས་རོལ་ཟེར་གྱིས་ཉེན་བརྡའི་ཁ་པར་ཞིག་ལ་ཉན་པ་ན། རྟ་ནག་མ་ཞང་དང་ཅང་ཤེས་ཁུག་ཞང་བསྣོལ་མཚམས་ཀྱི་མཚོ་སྔོན་པོའི་འཁྱགས་དར་ངོས་སུ་མི་མང་པོ་ཕྱིར་ཡོང་ཐུབ་ཀྱིན་མེད་པས། རོགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན། ཁ་པར་ལ་ཉན་རྗེས། འཇམ་དབྱངས་རོལ་ཟེར་དང་ལས་གྲོགས་རྣམས་མྱུར་དུ་ཡུལ་དངོས་སུ་སོང་ནས་སྔོན་ལ་མྱུར་སྐྱོབ་བྱེད་མགོ་བརྩམས་པ་དང་། དེ་དང་ཆབས་ཅིག གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡི་མགོ་ཁྲིད་པར་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས། རྫོང་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་པའི་སྣེ་ཁྲིད་དང་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་རོགས་རམ་འོག་ཏུ། དུས་ཚོད་གཉིས་རིང་ལ་མྱུར་སྐྱོབ་བྱས་པ་བརྒྱུད། དར་ཐོག་ཏུ་ཡོད་པའི་གནས་སྐོར་བ་བཅུ་གསུམ་པོ་མྱུར་སྐྱོབ་བྱེད་ཐུབ་པ་བྱུང་། 

འཇམ་དབྱངས་རོལ་ཟེར་གྱིས་མཚམས་སྦྱོར་བྱེད་རྒྱུར། མི་བཅུ་གསུམ་པོ་བསྐྱབས་རྗེས་ཞོགས་པའི་དུས་ལ་ཐོན་པ་དང་། མྱུར་སྐྱོབ་བྱས་པའི་མི་རྣམས་སེམས་འགུལ་ཐེབས་ནས་ཐེངས་མང་པོར་ཁོ་ཚོར་བཀའ་དྲིན་ཞུས་ལ། ཕྲེང་བསྒྲིགས་ནས་ཉེན་རྟོག་པ་རྣམས་ལ་གུས་ཕྱག་གསུམ་འཚལ་རྗེས་ཡང་དང་བསྐྱར་དུ་བཀའ་དྲིན་ཞུས། ཡིན་ནའང་འཇམ་དབྱངས་རོལ་ཟེར་དང་ཁོའི་ལས་གྲོགས་ཚོས་ནམ་རྒྱུན་དང་འདྲ་བར་སྐྱོན་མི་འདུག་ཞེས་ཆེས་སྤྱིར་བཏང་གིས་སྐད་ཆས་ལན་བཏབ། ང་ཚོ་ཉེན་རྟོག་པར་རམ་འདེགས་བྱེད་མཁན་ཡིན་ཡང་། མང་ཚོགས་ལ་དགོས་མཁོ་ཡོད་ཚེ། ཚང་མས་ལས་ཞོལ་བྱེད་མི་སྲིད་ཟེར། 

རྟ་ནག་མ་ཞང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་། ཉེན་རྟོག་པར་རམ་འདེགས་བྱེད་མཁན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཉེ་འགྲམ་གྱི་སྡེ་མི་རྣམས་སེམས་སུ་བཟུང་ནས་དུས་རྒྱུན་གྱི་བདེ་འཇགས་བྱ་བ་སོ་སོའི་དྲིལ་སྒྲོག་དང་རྟག་དཔྱོད་ནས་འགལ་བ་རྩོད་གླེང་དང་། གྱོད་དོན་ཞི་འཇགས་སུ་གཏོང་བཞིན་ཡོད་པ་དང་། ལས་གྲོགས་བར་དུ་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པས། ཉེན་རྟོག་པའི་བར་གྱི་འབྲེལ་བ་དམ་ཟབ་ཏུ་གྱུར་ཏེ། ཆེས་སྤྱིར་བཏང་གི་བྱ་བའི་ལས་གནས་སྟེང་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། 

རྟ་ནག་མ་ཞང་མངགས་གཏོང་ཁང་གི་སའོ་ཀྲང་ཆའོ་ཅི་སིན་གྱིས་བཤད་རྒྱུར། ཉིན་རྒྱུན་གྱི་བྱ་བ་ལས་གཞན། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ད་དུང་ངལ་གསོའི་དུས་སྐབས་སུ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ་དང་། ལོ་རེར་དུས་ངེས་མེད་དུ་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱེད་བཞིན་ཡོད་པར་མ་ཟད། མ་དངུལ་གྱིས་རོགས་སྐྱོར་བྱས་ལ། རྒྱུན་བཀོལ་གྱི་སྨན་རྫས་དང་ཉིན་རེའི་མཁོ་ཆས་སོགས་ཀྱང་འདོན་སྤྲོད་བྱས་ཏེ། ཁྱིམ་ཚང་དེ་དག་ལ་སྤྱི་ཚོགས་ཀྱི་དྲོད་ཁོལ་དང་རེ་བ་ཉམས་སུ་མྱོང་དུ་བཅུག ཞང་སྡེའི་འཆམ་མཐུན་ལྷིང་འཇགས་དང་། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་བྱེད་པའི་ཆེད་དུ། ཉེན་རྟོག་ཁང་དེའི་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་རྔུལ་ཁྲག་ཕུལ་ཏེ་རང་ཉིད་ཀྱི་དམ་བཅས་ཉམས་སུ་བླངས་ནས། ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཕུལ་བཞིན་ཡོད་ཟེར། 

ལོ་ཙཱ། ཚེ་རིང་སྒྲོལ་མ།